བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས།

English | བོད་ཡིག

༄༅། །གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས།

 

ཀྱེ། ཁྲོ་བོ་མི་ཟད་འབར་བའི་སྐུ། །

མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །

བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། །

ཁྱེད་ཀྱིས་གནང་སྟེ་བཏང་དུ་གསོལ། །

སློབ་མས།

བླ་མ་རྡོ་རྗེ་འཛིན་པ་དང་། །

དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི། །

སྐྱོབ་པ་གཞན་ན་མ་མཆིས་པས། །

སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །

 

ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །

སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །

དེ་རིང་བཤད་པའི་རིན་ཆེན་གཏེར། །

གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །

ན་མོ། མཐའ་མེད་འཁོར་བ་སྡུག་བསྔལ་རང་བཞིན་ལ༔

དབང་མེད་སྤྱོད་པའི་བདག་སོགས་སེམས་ཅན་ཀུན༔

མཆོག་གསུམ་ངོ་བོ་འཕགས་མཆོག་ཐུགས་རྗེའི་ལྷར༔

སྙིང་ནས་གདུང་ཤུགས་དྲག་པོས་སྐྱབས་སུ་མཆི༔

ཧོཿ ཕ་མ་རིགས་དྲུག་སྙིང་རྗེའི་ཡུལ་གྱུར་ཀུན༔

རང་ངོ་མ་ཤེས་འཁྲུལ་པའི་ལས་ལ་སྤྱོད༔

ཚད་མེད་སྙིང་རྗེས་བྱང་ཆུབ་ལམ་དགོད་ཕྱིར༔

སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱི༔

ཧོཿ དུས་གསུམ་བཞུགས་པའི་སྐྱབས་གནས་ཐམས་ཅད་ལ༔

གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ༔

མི་དགེ་སྡིག་པའི་ལས་ཀུན་མཐོལ་ལོ་བཤགས༔

དགེ་ལ་ཡི་རང་ཆོས་འཁོར་བསྐོར་བ་བསྐུལ༔

བཞུགས་གསོལ་འདེབས་སོ་དགེ་རྩ་བྱང་ཆུབ་བསྔོ༔

ཀུན་ཀྱང་འཕགས་པའི་གོ་འཕང་ཐོབ་པར་ཤོག༔

ཐུགས་རྗེ་ཆེན་པོ་སྐྱབས་ཀྱི་མཆོག་ཏུ་འཛིན། །

འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང་། །

སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི། །

དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི། །

ཀྱཻ། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་། །

བླ་མ་ཡི་དམ་མཁའ་འགྲོ་དགོངས། །

སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །

སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །

ཨོཾ་ན་མ་ཏེ་ཧཱུྃ།

ཨོཾ་ན་མ་མི་ཧཱུྃ།

ཨོཾ་ན་མོ་ན་མ་ཧཱུྃ།

ཀྱཻ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ། །

འབྲེལ་བའི་མེ་ཏོག་འདི་དོར་བས། །

ལས་འཕྲོ་གང་ཡོད་ལྷ་དང་མཇལ་བར་ཤོག །

པྲ་ཏཱིཙྪ་བཛྲ་ཧོ།

རྩ་བ་སྐུ་གསུང་ཐུགས་མཆོག་དང་། །

ཡན་ལག་དམ་ཚིག་ཉི་ཤུ་ལྔ། །

མེད་དང་གཅིག་པུ་ཕྱལ་པ་སོགས། །

ཆོ་ག་བཞིན་དུ་བསྲུང་བར་བགྱི། །

གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །

དེ་དག་ཐམས་ཅད་བདག་གིས་བགྱི། །

ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །

སློབ་མར་བཟུང་ནས་སྤྱད་དུ་གསོལ། །

 

རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར།

Avalokiteśvara, the Great Compassionate One

གནས་ཚུལ་འཕར་མ།

BDRC Author Profiles: P293 P314

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept