བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གུ་རུ་བདེ་བ་ཆེན་པོའི་རྣལ་འབྱོར་རྒྱུན་ཁྱེར།

English | བོད་ཡིག

༄༅། །གུ་རུ་བདེ་བ་ཆེན་པོའི་རྣལ་འབྱོར་རྒྱུན་ཁྱེར་བཞུགས།

 

ན་མོ།

སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་ལ། །

སྙིང་ནས་སྐྱབས་མཆི་བྱང་ཆུབ་སེམས་མཆོག་བསྐྱེད། །

ལན་གསུམ།

ཨ། རང་ཉིད་གཞི་གྱུར་དབང་ཆེན་རྟ་མཆོག་དཔལ། །

གྲི་གུག་ཐོད་འཛིན་ཕག་མོ་ཡུམ་དང་འཁྲིལ། །

རུས་པའི་རྒྱན་ལྡན་དུར་ཁྲོད་ཆས་ཀུན་རྫོགས། །

བདེ་དྲོད་མེ་དཔུང་འཁྲིགས་པའི་ཀློང་དུ་རོལ། །

རང་གི་སྙིང་གར་ཙིཏྟ་རིན་པོ་ཆེ། །

པདྨ་འདབ་བརྒྱད་ཅུང་ཟད་ཁ་བྱེའི་ནང་། །

ཟླ་བའི་སྟེང་དུ་རང་རིག་བདེ་བར་གཤེགས། །

གུ་རུ་བདེ་བ་ཆེན་པོ་དཀར་དམར་མདངས། །

མཛེས་པའི་ཉམས་ལྡན་ཁྲོ་འཛུམ་བརྗིད་ཆགས་པ། །

གསང་གོས་ཕོད་ཀ་ཆོས་གོས་རིན་ཆེན་བརྒྱན། །

པད་ཞྭ་བེར་སྨུག་ལྷུབ་གསོལ་སྐྱིལ་ཀྲུང་བཞུགས། །

མཉམ་གཞག་སྟེང་ན་ཐོད་པ་འོད་འབར་ནང་། །

བདེ་གཤེགས་ཀུན་གྱི་བྱང་སེམས་འདུས་པ་ཡི། །

བདེ་བ་ཆེན་པོ་ཡི་གེ་བྃ་དུ་གསལ། །

བྃ་ལས་བདུད་རྩིའི་རྒྱུན་བབས་ཐོད་པ་གང་། །

འཕྱུར་ཞིང་ལུད་པས་སྙིང་གི་ནང་གང་བས། །

བདེ་བ་ཆེན་པོ་རྡོ་རྗེའི་སྲོག་འགྲུབ་གྱུར། །

ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

ཞེས་བཟླ།

ཐུན་མཐར།

གུ་རུ་དགྱེས་པ་ཆེན་པོས་འོད་དུ་ཞུ། །

རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས། །

ཞེས་མཉམ་པར་བཞག །རྗེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །

 

ཞེས་པའང་རྣམ་པར་དགེ་བའི་རྣམ་དཔྱོད་ཅན་གུ་རུ་ནོར་བུའི་ཐུགས་དམ་ཉམས་བཞེས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།

 

བདུད་འཇོམས་རིན་པོ་ཆེ།

Guru of Great Bliss (Guru Dewa Chenpo)

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept