འཆི་མེད་བདེ་བ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ།
༄༅། །འཆི་མེད་བདེ་བ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཡེ།
རྡོ་རྗེ་ཐེག་པའི་ཉམས་ལེན་ཉེ་ལམ་མཐར་ཐུག་བླ་མའི་རྣལ་འབྱོར་གྱི་རིམ་པ་ཉམས་སུ་ལེན་པར་འདོད་པས།
སྦྱོར་བ་ནི།
ངེས་འབྱུང་དང་དད་མོས་ཀྱིས་རྒྱུད་བསྐུལ་ཏེ།
ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །
དཀོན་མཆོག་གསུམ་གྱི་རང་བཞིན་ལ། །
བདག་དང་འགྲོ་དྲུག་སེམས་ཅན་རྣམས། །
བྱང་ཆུབ་བར་དུ་སྐྱབས་སུ་མཆི། །
ཞེས་ལན་གསུམ་གྱིས་སྐྱབས་འགྲོ་དང་།
སེམས་བསྐྱེད་འགྲོ་བ་ཀུན་དོན་དུ། །
བླ་མ་སངས་རྒྱས་བསྒྲུབས་ནས་ནི། །
གང་ལ་གང་འདུལ་ཕྲིན་ལས་ཀྱིས། །
འགྲོ་བ་བསྒྲལ་བར་དམ་བཅའོ། །
ཞེས་ལན་གསུམ་གྱིས་སེམས་བསྐྱེད།
དངོས་གཞི་ལ། མདུན་རྟེན་བསྐྱེད་པ་ནི།
ཨ། སྣོད་བཅུད་པདྨ་འོད་ཀྱི་ཞིང་། །
ངོ་མཚར་མཆོད་སྤྲིན་འཁྲིགས་པའི་དབུས། །
མདུན་མཁར་པདྨ་ཉི་ཟླའི་སྟེང་། །
སངས་རྒྱས་ཀུན་འདུས་བདེ་བ་ཆེ། །
གུ་རུ་པདྨ་སམྦྷ་ནི། །
བདེ་སྟོང་དབྱེར་མེད་དཀར་དམར་མདངས། །
གཞོན་ནུ་མཚན་དཔའི་ལང་ཚོ་འབར། །
ཐིག་ལེ་ཉག་གཅིག་འཛུམ་ཞལ། །
སྤྱན་ཟུང་ལྟ་སྟངས་དབྱིངས་ལ་གཟིགས། །
ཐབས་ཤེས་ཕྱག་གཉིས་མཉམ་གཞག་སྟེང་། །
དབྱིངས་ཡེ་ཟུང་འཇུག་ཀ་པཱ་ལར། །
འཆི་མེད་བདུད་རྩིའི་བཅུད་ཀྱིས་གཏམས། །
ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །
པཎ་ཞུ་རྡོ་རྗེའི་གསང་གོས་དང་། །
ཟ་འོག་བེར་སྨུག་བརྗིད་པར་གསོལ། །
རང་བྱུང་འཇའ་ཟེར་འོད་ལྔའི་ཀློང་། །
འཕྲོ་འདུའི་གཟི་བྱིན་ལམ་མེ་བ། །
མངོན་སུམ་བཞིན་དུ་བཞུགས་པར་གྱུར། །
ཅེས་གསལ་བཏབ་ལ།
ཚོགས་བསགས་པ་ནི།
རྒྱལ་ཀུན་ངོ་བོ་བླ་མ་ལ། །
སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །
ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཆོད། །
ཐོག་མེད་ནས་བསགས་སྡིག་ལྟུང་བཤགས། །
རྣམ་དཀར་ཚོགས་ལ་རྗེས་ཡི་རང་། །
ཟབ་རྒྱའི་ཆོས་འཁོར་བསྐོར་བཞིན་དུ། །
མྱ་ངན་མི་འདའ་བཞུགས་གསོལ་འདེབས། །
དགེ་བ་སེམས་ཅན་ཡོངས་ལ་བསྔོ། །
བླ་མེད་གོ་འཕང་མཆོག་ཐོབ་ཤོག །
ཅེས་ཅི་ནུས་བྱ།
མོས་གུས་གདུང་བ་དྲག་པོའི་སྒོ་ནས།
ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །
སྤྱི་དཔལ་བླ་མ་རིན་པོ་ཆེ། །
ཁྱེད་ལ་གུས་པས་གསོལ་བ་འདེབས། །
བཀའ་དྲིན་མཉམ་མེད་གུ་རུ་རྗེ། །
བདག་ལ་རེ་ས་གཞན་ན་མེད། །
རྟག་ཏུ་ཐུགས་རྗེས་བརྩེར་དགོངས་ལ། །
སྨིན་གྲོལ་དབང་བསྐུར་བྱིན་ཆེན་ཕོབ། །
བསམ་དོན་འགྲུབ་པར་བྱིན་གྱིས་རློབས། །
ཞེས་ཐུགས་དམ་བསྐུལ་བའི་གསོལ་འདེབས་དང་།
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།
ཞེས་བཟླས་པ་ཅི་འགྲུབ་བྱ།
ཚོགས་ཀྱི་མཆོད་པ་བྱ་བར་སྤྲོ་ན། བཟའ་བཏུང་གི་རིགས་གང་འབྱོར་བཤམ་ལ། ཆབ་ཀྱིས་བྲན་ཅིང་།
ཨ། རང་བྱུང་བདེ་སྐྱོང་སྣོད་ནང་དུ། །
བཟའ་བཏུང་ལོངས་སྤྱོད་དམ་ཚིག་རྫས། །
འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །
ཟག་མེད་ཡེ་ཤེས་བདུད་རྩིར་གྱུར། །
ཨོཾ་ཨཱཿཧཱུྃ།
ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །
པདྨ་གེ་སར་སྡོང་པོ་ལ། །
ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །
པདྨ་འབྱུང་གནས་ཞེས་སུ་གྲགས། །
འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །
ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །
བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །
ཧྲཱིཿ གུ་རུ་ཡིད་བཞིན་ནོར་བུ་ཆེ། །
རྩ་གསུམ་དམ་ཅན་ཚོགས་རྣམས་ལ། །
འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ། །
ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །
དམ་ཚིག་ཉམས་ཆག་མཐོལ་ལོ་བཤགས། །
གཟུང་འཛིན་དགྲ་བགེགས་ཞལ་དུ་བསྟབ། །
བར་ཆད་ཀུན་སོལ་བསམ་དོན་སྒྲུབས། །
མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །
སརྦ་ག་ཎ་ཙཀྲ་ལ་ཁཱ་ཧི།
དེ་ནས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱད་པའི་ལྷག་མར་བདུད་རྩིས་བྲན་ལ།
ཨོཾ་ཨཱཿཧཱུྃ། ཕེཾ།
ཚོགས་དང་བཀའ་ཉན་ལྷག་སྡུད་རྣམས། །
ལྷག་མའི་འདོད་ཡོན་འདི་བཞེས་ལ། །
སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །
ཞལ་བཞེས་ཇི་བཞིན་ཕྲིན་ལས་མཛོད། །
ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི།
ཞེས་ཕྱི་རོལ་དུ་འབུལ།
ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །
ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །
བདག་གཞན་འགྲོ་བ་མ་ལུས་པ །
དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །
ཅེས་རྡོ་རྗེའི་རིགས་གཅིག་ཏུ་སྨོན་ལམ་གདབ།
མཐར་དབང་བཞི་བླང་བ་ནི།
བླ་མ་བདེ་བ་ཆེན་པོ་ཡི། །
གསང་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །
འོད་ཟེར་རིམ་དང་གཅིག་ཆར་འཕྲོས། །
རང་གི་གནས་གསུམ་ལ་ཐིམ་པས། །
དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །
འབྲས་བུ་སྐུ་བཞིའི་གསོས་ཐེབ་གྱུར། །
གུ་རུ་དགྱེས་པ་ཆེན་པོའི་ངང་། །
འོད་དུ་ཞུ་ནས་རང་ལ་ཐིམ། །
བླ་མའི་ཐུགས་དང་རང་གི་སེམས། །
དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ། །
རྩོལ་བྲལ་བློ་འདས་གདོད་མའི་གཤིས། །
ཀ་དག་རྫོགས་པ་ཆེན་པོའོ། །
ཞེས་གནས་ལུགས་ཀྱི་རང་ཞལ་ཅི་གནས་སུ་བསྐྱང་།
རྗེས་ཐུན་ལས་ལྡང་བ་ན།
དགེ་བ་འདི་ཡིས་མྱུར་དུ་བདག །
དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
སོགས་བསྔོ་སྨོན་དང་ཤིས་བརྗོད་ཀྱི་མཚམས་སྦྱར་ཏེ་སྣང་གྲགས་རྟོག་ཚོགས་བླ་མའི་གསང་བ་གསུམ་གྱི་རོལ་པར་བལྟས་ལ་མོས་གུས་ཀྱི་ལམ་ཁྱེར་དང་མ་བྲལ་བའི་ངང་ནས་སྤྱོད་ལམ་ཐམས་ཅད་དོན་ཡོད་པར་བྱའོ། །
ཞེས་པའང་རྣམ་པར་དགེ་བའི་བློ་གསལ་བ་ཐུབ་བསྟན་ཤེས་རབ་གོ་ཆ་དང་དགེ་སློང་བསམ་གཏན་རྒྱ་མཚོ་སོགས་མོས་ལྡན་འགའ་ཞིག་གིས་བསྐུལ་བའི་ངོར། ཁྱབ་བདག་མཚོ་སྐྱེས་བླ་མའི་བཀའ་འབངས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་སྤྱོད་སྤྲུལ་པའི་ཞིང་ཁམས་ཀུན་འདུས་རྡོར་སེམས་ཕོ་བྲང་གི་མགུལ་དུ་སྦྱར་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
