བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཀློང་ཆེན་སྙིང་གི་ཐིག་ལེའི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་བརྒྱུད་འདེབས།

English | བོད་ཡིག

༄༅། །ཀློང་ཆེན་སྙིང་གི་ཐིག་ལེའི་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་བརྒྱུད་འདེབས་བཞུགས།

 

ཕཊཿ ཧཱུྃ་ཧཱུྃ་ཧཱུྃ། གདོད་མའི་མགོན་པོ་ཀུན་བཟང་ལྷ་ཡི་ལྷ། །

ཡུམ་ཆེན་ཤེར་ཕྱིན་རིགས་ལྔ་རྡོ་རྗེ་འཆང་། །

ཐུབ་དབང་སྐུ་གསུམ་སྟོན་པའི་བླ་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

 

ཧཱུྃ་ཧཱུྃ་ཧཱུྃ། ཟུང་འཇུག་འཕོ་ཆེན་ཡེ་ཤེས་དྭངས་མའི་སྐུ། །

དགའ་རབ་པད་འབྱུང་བི་མ་རྗེ་འབངས་གྲོགས། །

འོད་གསལ་རྫོགས་ཆེན་བརྒྱུད་པའི་བླ་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

 

ཧཱུྃ་ཧཱུྃ་ཧཱུྃ། གཞི་དབྱིངས་ཁྱབ་བརྡལ་ལྷུན་འབྱམས་ས་ར་ཧ། །

ཏེ་ལོ་ནཱ་རོ་མེ་ཏྲི་མར་མི་དྭགས། །

ཟུང་འཇུག་ཕྱག་ཆེན་བརྒྱུད་པའི་བླ་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

 

ཧཱུྃ་ཧཱུྃ་ཧཱུྃ། མཐའ་བྲལ་བདེན་པའི་དོན་གཟིགས་ཀླུ་སྒྲུབ་ཞབས། །

འཛམ་གླིང་རྒྱན་དྲུག་ཟླ་གྲགས་ཨ་ཏི་ཤ །

ཟབ་ལམ་དབུ་མ་བརྒྱུད་པའི་བླ་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

 

ཧཱུྃ་ཧཱུྃ་ཧཱུྃ། བརྟུལ་ཞུགས་གྲུབ་པའི་དྲང་སྲོང་ལཱུ་ཧི་པ། །

ནག་པོ་པ་དང་དྲིལ་བུ་བིཪྺ་པ། །

ཌཱོཾ་བྷི་ལ་སོགས་གྲུབ་ཐོབ་རྒྱ་མཚོ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

 

ཧཱུྃ་ཧཱུྃ་ཧཱུྃ། འཇམ་དབྱངས་སྒྲོལ་མ་སུ་ཁ་སིདྡྷི་དང་། །

ཨཱརྱ་དེ་ཝ་དམ་པ་ལབ་ཀྱི་སྒྲོན། །

གཅོད་ཡུལ་བྱིན་རླབས་བརྒྱུད་པའི་བླ་མ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

 

ཧཱུྃ་ཧཱུྃ་ཧཱུྃ། ཐེག་མཆོག་འཁོར་ལོས་བསྒྱུར་བ་ཀློང་ཆེན་པ། །

དོན་བརྒྱུད་འཕོ་བ་ཐོབ་པ་འཇིགས་མེད་གླིང་། །

གྲུབ་པའི་དབང་ཕྱུག་ཀུན་བཟང་གཞན་ཕན་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

 

ཧཱུྃ་ཧཱུྃ་ཧཱུྃ། དོན་གཉིས་མཐར་ཕྱིན་རྒྱལ་བའི་མྱུ་གུའི་ཞབས། །

པདྨའི་ལུང་ཟིན་རྡོ་རྗེའི་མཚན་ལྡན་བཞི། །

འཇིགས་མེད་རྣལ་འབྱོར་མཁྱེན་བརྩེའི་དབང་ཕྱུག་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

 

ཧཱུྃ་ཧཱུྃ་ཧཱུྃ། འོད་གསལ་གཉུག་མའི་དོན་གཟིགས་ཆོས་ཀྱི་དབང་། །

ཐེག་དགུའི་གསང་མཛོད་པདྨ་བཛྲ་པ། །

བཀའ་བབས་བདུན་ལྡན་སྤྲུལ་པའི་རྡོ་རྗེ་ལ། །

གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས། །

 

ཧཱུྃ་ཧཱུྃ་ཧཱུྃ། ཕཊཿ རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །

མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །

གཟུང་འཛིན་སྙེམ་ཐག་ཆོད་པར་བྱིན་གྱིས་རློབས། །

རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །

གཉན་ས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །

ཕུང་པོ་གཟན་དུ་མཐོང་བར་བྱིན་གྱིས་རློབས། །

དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

ལྷ་འདྲེའི་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །

རྐྱེན་ངན་ལམ་དུ་ལོངས་པར་བྱིན་གྱིས་རློབས། །

འགལ་རྐྱེན་གྲོགས་སུ་འཆར་བར་བྱིན་གྱིས་རློབས། །

བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས། །

བདག་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །

སྟོང་ཉིད་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །

རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །

ད་ལྟ་མྱུར་བ་ཉིད་དུ་བྱིན་གྱིས་རློབས། །

འདུག་ས་སྟན་ཐོག་འདི་རུ་བྱིན་གྱིས་རློབས།

ཕཊཿ ཕཊཿ ཕཊཿ

 

ཅེས་པའང་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་ཁམས་སྤྲུལ་རིན་པོ་ཆེ་བསྟན་པའི་ཉི་མའི་ཞལ་སྔ་ནས་མཚོ་སྐྱེས་རྗེའི་སྣང་བརྙན་ལྷ་རྫས་དང་བཅས་བཀའ་སྩལ་སྤྱི་བོར་ཕེབས་པ་དང་དུ་བླངས་ཏེ་སྤྲུལ་གཟུགས་ཀུན་ཏུ་རྒྱུ་བ་ཆོས་དཔལ་རྒྱ་མཚོ་པས་ཀུན་མཁྱེན་སྐྱབས་འོག་རྫོང་སར་བཀྲ་ཤིས་ལྷ་རྩེར་བྲིས་པ་དགེ། །།

 

བྱམས་མེ་ཆོས་དཔལ་རྒྱ་མཚོ།

Tröma Nakmo

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept