Abhirati Aspiration Prayer—Tibetan

Deities › Akṣobhya | Collections & Cycles › Longsal Dorje Nyingpo | Collections & Cycles › Rinchen Terdzö | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Akṣobhya

༄༅། །མངོན་དགའི་ཞིང་གི་སྨོན་ལམ་བདེ་ཆེན་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ་བཛྲ་ཨཀྵོ་བྷྱཿ

 

འདི་ནས་ཤར་གྱི་ཕྱོགས་ཀྱི་ནམ་མཁའ་ལ། །

ཞིང་གི་མཆོག་གྱུར་མངོན་པར་དགའ་བ་ཞེས། །

དཔག་ཡས་ཡོན་ཏན་རིན་ཆེན་གཏེར་གྱི་མཛོད། །

ངོ་མཚར་བཀོད་པ་བསམ་ཡས་ལ་ཕྱག་འཚལ། །

 

ཐ་གྲུ་རབ་ཡངས་ལྟ་ན་མངོན་པར་སྡུག །

རིན་ཆེན་སྣ་བདུན་རི་བོ་བཀོད་ལེགས་ཤིང་། །

གསེར་གྱི་ས་གཞི་ཐ་གྲུ་ཡངས་ཤིང་མཉམ། །

ལྷ་ཡི་མེ་ཏོག་སིལ་མར་ཁེངས་ལ་འདུད། །

 

བྱང་ཆུབ་ལྗོན་ཤིང་རིན་ཆེན་དྲྭ་བ་དང་། །

བཀྲ་ཤིས་དགེ་བའི་མཚན་རྟགས་ཅིར་ཡང་བཀྲ། །

ལྷ་ཡི་བྱ་ཚོགས་སྐད་སྙན་རབ་སྒྲོག་ཅིང་། །

གང་ལ་ཅི་འདོད་ངང་གིས་འབྱུང་ལ་འདུད།

 

ཁྲུས་ཀྱི་ཁང་པ་ཉམས་དགའི་རྫིང་བུ་དང་། །

སྐྱེད་མོས་ཚལ་ཆེན་ནོར་བུའི་འགྲམ་སྟེགས་ཀྱི། །

གུ་ན་ཏྭ་རས་ཡོངས་སུ་བསྐོར་བ་དང་། །

གླང་ཆེན་ཐལ་དཀར་སོགས་ཀྱིས་གང་ལ་འདུད། །

 

བཻ་ཌཱུར་སྔོན་པོ་ནམ་མཁའི་མདངས་འོད་ཀྱིས། །

ཀུན་ནས་འཁྱུད་པའི་གཞལ་མེད་ཁང་སུམ་བརྩེགས། །

གསེར་དང་པད་རག་བད་སྔོན་རྒྱ་ཕིབས་རྩེར། །

རྡོ་རྗེ་ནོར་བུའི་ཏོག་གི་མཛེས་ལ་འདུད། །

 

དེ་དབུས་གླང་པོས་བཏེགས་པའི་རིན་ཆེན་ཁྲིར། །

སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་སྟེང་། །

རྒྱལ་བ་མི་འཁྲུག་མགོན་པོ་འོད་མཐའ་ཡས། །

མཚན་དཔེའི་གཟི་བརྗིད་དཔལ་དུ་འབར་ལ་འདུད། །

 

སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་བཀླུབས། །

སྐུ་དང་ཞལ་ནི་སྣ་ཚོགས་ཅིར་ཡང་འགྱུར། །

ལོངས་སྤྱོད་ཡོངས་སུ་རྫོགས་པའི་བདག་ཉིད་ཅན། །

རྡོ་རྗེ་སེམས་དཔའ་མི་བསྐྱོད་རྒྱལ་ལ་འདུད། །

 

སྐུ་ཡི་འོད་ཟེར་ཆེན་པོའི་ཆོ་འཕྲུལ་དང་། །

གསུང་དབྱངས་འཛད་མེད་ཞིང་ཁམས་ཀུན་ཏུ་སྒྲོག །

ཐུགས་ནི་འོད་གསལ་ནམ་མཁའ་དྲི་མ་མེད། །

ཡོན་ཏན་ཕྲིན་ལས་བསམ་མི་ཁྱབ་ལ་འདུད། །

 

རྒྱལ་སྲས་སྤོས་ཀྱི་གླང་པོ་ལ་སོགས་པ། །

སྤྲུལ་པའི་ཉན་རང་བྱང་སེམས་འཕགས་པའི་ཚོགས། །

རྒྱ་བོད་མཁས་དང་གྲུབ་རིགས་རྒྱ་མཚོ་ཡི། །

འཁོར་ཚོགས་རྒྱ་མཚོ་གཏིང་མཐའ་མི་མངོན་འདུད། །

 

དེ་རྣམས་ཀུན་ཀྱང་དབང་པོ་རྣོན་པོ་དང་། །

འབྱོར་པ་མཉམ་ཞིང་སྐུ་ཡི་འོད་ཟེར་གྱིས། །

སྟོང་ཁམས་ཁྱབ་པས་མུན་པའི་གོ་སྐབས་མེད། །

སྐྱེ་རྒ་ན་འཆིའི་བག་ཆགས་སྤངས་ལ་འདུད། །

 

གསང་བ་ཐུན་མིན་རྡོ་རྗེ་རིགས་ཀྱི་འཁོར། །

ཞི་དང་ཁྲོ་བོའི་རོལ་གར་མཐའ་ཡས་ཤིང་། །

དཔའ་བོ་ཌཱ་ཀི་བྱེ་བ་ས་ཡ་དང་། །

ལྷན་ཅིག་རྡོ་རྗེའི་རོལ་གར་སྟོན་ལ་འདུད། །

 

ཐེག་ཆེན་རྒྱུ་འབྲས་ཆོས་འཁོར་རྟག་ཏུ་བསྐོར། །

སྡུག་བསྔལ་མིང་ཙམ་མི་གྲགས་བདེ་ཆེན་ཞིང་། །

ཏིང་འཛིན་སྒོ་བརྒྱ་འཇུག་ལྡང་སྐད་ཅིག་སྟོན། །

ཞིང་གཞན་སངས་རྒྱས་བྱང་སེམས་ལྷགས་ལ་འདུད། །

 

དེ་དག་རྣམས་དང་ཆོས་ཀྱི་བགྲོ་བ་མཛད། །

སྐད་ཅིག་བསྐལ་པ་ཞིང་ཁམས་རྒྱ་མཚོར་འཇུག །

སྐུ་ཚེ་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུ། །

ཟབ་དང་རྒྱ་ཆེའི་ཆོས་སྟོན་མཛད་ལ་འདུད། །

 

མ་འོངས་མྱང་འདས་ཚེ་ན་སྤྲུལ་པའི་སྐུ །

སྟོང་གསུམ་ཁྱབ་པའི་ཆོས་སྟོན་ས་ཆེན་གཡོ། །

སྐུ་གདུང་དུམ་བུ་འཕྲོ་ལས་བཀྲ་ཤིས་དབྱིབས། །

འབྱུང་བཞི་མཆོད་རྟེན་རྒྱས་པར་འགྱུར་ལ་འདུད། །

 

ཞེ་སྡང་ཁོང་ཁྲོའི་ཐ་བས་དཀྲིས་པ་སོགས། །

འགྲོ་དྲུག་ལས་ཀྱིས་མནར་བའི་སྐྱེ་འགྲོ་རྣམས།

ཁྱོད་མཚན་དྲན་དང་གཟུངས་སྔགས་མཐོང་ཙམ་གྱིས། །

བསྐལ་པར་བསགས་པའི་ལས་སྒྲིབ་བྱང་ལ་འདུད། །

 

ཆོས་ཀྱི་བདུད་རྩིའི་ཟེགས་མའི་ཤས་ཙམ་གྱིས། །

འགྲོ་བ་དཔག་མེད་བྱང་ཆུབ་ལ་འགོད་ཅིང་། །

དེ་དག་བདུད་ཀྱི་བརྫི་མེད་དམན་མི་འབྱུང་། །

ཐབས་སྟོབས་སྨོན་ལམ་ཡེ་ཤེས་རྫོགས་ལ་འདུད། །

 

སྔོན་ཚེ་དགེ་སློང་ཆོས་ཀྱི་གོ་ཆ་ཡི། །

ཐུགས་བསྐྱེད་སྨོན་ལམ་བཏབ་པའི་རང་འབྲས་ཀྱིས། །

སངས་རྒྱས་ཀུན་ལས་ཕྲིན་ལས་ཆེས་ལྷག་པའི། །

མི་འཁྲུག་མགོན་པོའི་ཞབས་ལ་ཕྱག་འཚལ་འདུད། །

 

ངེས་པའི་དོན་དུ་སྟོན་པ་གནས་དང་འཁོར། །

ཆོས་དང་དུས་རྣམས་འཕེལ་འགྲིབ་ཀུན་བྲལ་ཞིང་། །

མི་ཟད་རྒྱན་གྱི་འཁོར་ལོ་རྟག་ཅིང་ཁྱབ། །

ལྷུན་གྲུབ་བསམ་བརྗོད་བྲལ་བའི་ངོ་བོར་འདུད། །

 

དེ་ལྟར་གུས་པས་བསྟོད་ཅིང་གསོལ་འདེབས་དང་། །

དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན་གྱིས་མཆོད། །

ཚེ་རབས་བསགས་པའི་སྡིག་ལྟུང་ཐམས་ཅད་བཤགས། །

འཁོར་འདས་དགེ་བ་ཀུན་ལ་རྗེས་ཡི་རང་། །

 

ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་བར་སྐུལ། །

མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །

དུས་གསུམ་དགེ་ཚོགས་འགྲོ་བ་ཀུན་ལ་བསྔོ། །

མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག །

 

བདག་དང་བདག་ལ་འབྲེལ་པ་ཐོབ་ཚད་རྣམས། །

ནམ་ཞིག་དབུགས་ནི་ཆད་པར་གྱུར་པ་ན། །

བླ་མ་བཅོམ་ལྡན་རྡོ་རྗེ་མི་འཁྲུག་པ། །

མངོན་སུམ་བྱོན་ནས་ཞིང་དེར་ཁྲིད་པར་ཤོག །

 

སྐྱེས་མ་ཐག་ཏུ་སངས་རྒྱས་ཞལ་མཐོང་ཞིང་། །

དམ་ཆོས་ཉན་ཏེ་རྫོགས་སྨིན་སྦྱང་མཐར་ཕྱིན། །

མཐར་ནི་མི་བསྐྱོད་མགོན་དང་དབྱེར་མེད་ཅིང་། །

སྤྲུལ་པས་ཕྱོགས་བཅུར་འགྲོ་བའི་དོན་བྱེད་ཤོག །

 

རྒྱལ་བ་མི་འཁྲུག་མགོན་པོའི་ཐུགས་བསྐྱེད་དང་། །

མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །

བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ། །

དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །

 

ལྷ་དང་བཅས་པའི་འཇིག་རྟེན་མཐའ་དག་གི །

འདྲེན་པ་མཆོག་གྱུར་བཅོམ་ལྡན་མི་འཁྲུག་པའི། །

ཞིང་ཁམས་རྟེན་དང་བརྟེན་པ་ཡིད་མཁར་བཀོད། །

རྡུལ་སྙེད་ལུས་ཇི་སྤྲུལ་ཏེ་མགོན་ཕྱག་འཚལ། །

 

རང་བཞིན་སྤྲུལ་པའི་ཞིང་ལྔར་སྣང་བའི་གཞི། །

སྙིང་དབུས་དྭངས་པའི་མེ་ལོང་ཡེ་ཤེས་ཀྱི། །

འོད་རྩར་སྣང་བའི་མངོན་དགའི་ཞིང་མཆོག་གི །

རང་བཞིན་ཡོངས་སུ་ཤེས་པས་ཕྱག་བགྱི་འོ། །

 

བདུད་སྡེ་བྱེ་བ་ཁྲག་ཁྲིག་དག་གིས་ཀྱང་། །

མི་འཁྲུག་བཀོད་པའི་གོ་ཆ་རབ་བགོས་ཤིང་། །

སྟོབས་བཅུའི་དབང་ཕྱུག་དེ་བཞིན་གཤེགས་པའི་གཙོ། །

དཔལ་ལྡན་མི་བསྐྱོད་རྡོ་རྗེ་ལ་ཕྱག་འཚལ། །

 

གང་སྔོན་བདེ་གཤེགས་སྤྱན་ཆེན་པོ་ཡི་དྲུང་། །

གཞན་གྱི་དཔེ་ཟླར་མེད་པའི་ཐུགས་བསྐྱེད་བཞེས། །

སྤྱད་པ་སྤྱོད་ཚེ་གཞན་གྱི་གནོད་སེམས་ཀྱིས། །

མི་གཡོ་མཆོག་ཏུ་བརྟན་པར་མཛད་ལ་འདུད། །

 

ཅེས་པའང་དད་ཅིང་གུས་པས་ཀུན་ནས་བསླངས་ཏེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་བྲིས་པ་འདིས་ཀྱང་བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མངོན་དགའི་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept