The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Aspiration Prayer—Tibetan

English | བོད་ཡིག

༄༅། །སྨོན་ལམ་ཆོས་ཀུན་བདེན་གཉིས་དབྱེར་མེད་མ།

 

ཨོཾ་སྭསྟི།

ཆོས་ཀུན་བདེན་གཉིས་དབྱེར་མེད་པ། །

རྡུལ་བྲལ་མཁའ་ལྟར་དག་པ་ཡི། །

བྱང་ཆུབ་སེམས་ཀྱི་རྡོ་རྗེ་ལ། །

འདུ་འབྲལ་མེད་པར་ཕྱག་བགྱིའོ། །

 

ལྷ་དང་བཅས་པའི་འཇིག་རྟེན་གྱི། །

ཐུབ་ཆེན་དོན་ཀུན་གྲུབ་པ་དང་། །

བཅོམ་ལྡན་མགོན་པོ་འོད་དཔག་མེད། །

བདེ་གཤེགས་བདུན་དང་མཚན་ཐོས་པས། །

ངན་སོང་ཀུན་སྐྱོབས་སྨན་གྱི་བླ། །

མི་འཁྲུགས་པ་སོགས་སངས་རྒྱས་དང་། །

འཕགས་མཆོག་སྙིང་རྗེའི་དབང་ཕྱུག་ཆེ། །

རྒྱལ་སྲས་འཇམ་དཔལ་དཔའ་བོ་སོགས། །

སེམས་དཔའ་ཆེ་རྣམས་དགོངས་སུ་གསོལ། །

བདག་གི་སྨོན་ལམ་འདི་དག་རྣམས། །

མྱུར་དུ་འགྲུབ་པར་མཛད་དུ་གསོལ། །

 

བྱེ་བ་བདག་ལུས་གྲངས་མེད་ཀྱི། །

མ་གྱུར་སེམས་ཅན་ཐམས་ཅད་དང་། །

ཁྱད་པར་དལ་འབྱོར་འདི་ཉིད་ཀྱི། །

རྟེན་བཟང་བསྐྱེད་པའི་དྲིན་མོ་ཆེ། །

བར་དོའི་འཇིགས་ལས་གྲོལ་བར་ཤོག །

 

སྐྱེ་གནས་ངན་པའི་རྒྱུན་ལྡོག་ཅིང་། །

དག་པའི་ཞིང་དུ་པདྨོ་ལས། །

བརྫུས་སྐྱེས་རྒྱལ་བའི་ཞལ་མཐོང་ནས། །

བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །

 

གལ་ཏེ་འཁོར་བར་སྐྱེས་གྱུར་ཀྱང་། །

རིགས་བཟང་དལ་འབྱོར་ལུས་ཐོབ་ཅིང་། །

སྐྱེས་མ་ཐག་ཏུ་ཆོས་དང་འཕྲད། །

ཡང་དག་བཤེས་དང་འཕྲད་གྱུར་ཅིག །

 

འཕགས་པའི་ནོར་གྱི་ཕྱུགས་པ་དང་། །

མཐོ་རིས་ཡོན་ཏན་དཔལ་མངའ་ཞིང་། །

སྐྱེ་བ་དེ་ཡི་སྲིད་རྒྱུན་གཅོད། །

ཕྱིར་མི་ལྡོག་པའི་ས་ཐོབ་ཤོག །

 

བདག་ཀྱང་མ་གྱུར་སེམས་ཅན་རྣམས། །

སངས་རྒྱས་ས་ལ་འགོད་པ་དང་། །

ཚུལ་ཁྲིམས་ཆོས་ཀྱི་སྒྲོལ་མ་ནི། །

བྱང་ཆུབ་དམ་པ་མ་ཐོབ་བར། །

དེ་སྲིད་བདག་ནི་འཁོར་བ་འདིར། །

མི་ངལ་དོན་རབ་སྒྲུབ་པ་དང་། །

སྲིད་པའི་སྐྱོན་གྱིས་མ་གོས་ཤིང་། །

ཕྲིན་ལས་མཁའ་དང་མཉམ་པར་ཤོག །

 

རྩ་བརྒྱུད་བླ་མའི་བྱིན་རླབས་དང་། །

སྲས་བཅས་རྒྱལ་བའི་བདེན་སྟོབས་ཀྱིས། །

ཇི་ལྟར་སྨོན་པའི་གནས་འདི་རྣམས། །

འབད་མེད་མྱུར་དུ་འགྲུབ་གྱུར་ཅིག །

 

བདག་ནི་མཐོང་ཐོས་དྲན་རེག་ཀུན། །

ཐར་པའི་ས་བོན་ཐེབས་པ་དང་། །

བྱང་ཆུབ་མྱུ་གུ་རབ་སྨིན་ནས། །

སྐུ་བཞིའི་འབྲས་བཟང་ཐོབ་པར་ཤོག །

 

ཅེས་པའང་སྙིང་ཐག་པ་ནས་སྨོན་ལམ་བཏབ་པ་འདི་ཡང་ཟླ་བ་གཉིས་པའི་ཚེས་ཉེར་དྲུག་ཟླ་བ་གྲོ་བཞིན་གྱི་འགྲུབ་སྦྱོར་ལའོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept