The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Bright Lamp of Definitive Meaning—Tibetan

English | བོད་ཡིག

༄༅། །བླ་མའི་རྣལ་འབྱོར་ངེས་དོན་གསལ་སྒྲོན་བཞུགས་སོ། །

 

རང་རིག་ཆོས་སྐུའི་བླ་མ་ནི། །
མཚོན་པ་གཟུགས་ཀྱི་སྐུར་ཤར་བ། །
དཔལ་ལྡན་རྩ་བའི་བླ་མ་ཉིད། །
རྒྱུན་དུ་ལམ་བྱེད་རྣལ་འབྱོར་དབྱེ། །

དེ་ལ་སྔོན་དངོས་རྗེས་གསུམ་གྱི། །

དང་པོ་སྐྱབས་འགྲོ་སེམས་བསྐྱེད་བྱ།

ཨཿ ཡེ་ནས་གྲོལ་བ་རང་རིག་པ། །

ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆི། །

བཏང་བཞག་བྲལ་བའི་བྱང་ཆུབ་སེམས། །

རང་ངོ་ཤེས་པས་སེམས་བསྐྱེད་དོ། །

དངོས་གཞི་ལ།

ཨཿ ཆོས་ཀུན་ཀ་དག་སྟོང་ཆེན་མཁར། །

ལྷུན་གྲུབ་འོད་ལྔ་འཁྲིགས་པའི་དབུས། །

སེང་ཁྲི་པད་ཟླ་ཉི་མའི་སྟེང་། །

རྩ་བའི་བླ་མ་ཧེ་རུ་ཀཿ

རྣལ་འབྱོར་སྤྱོད་པའི་ཆ་བྱད་ཅན། །

སྐུ་མདོག་དམར་སྨུག་ཁྲོ་ཆགས་ཉམས། །

རྡོ་རྗེ་དང་ནི་དྲིལ་བུ་བསྣམས། །

བདེ་ཆེན་ཌཱ་ཀི་དཀར་དམར་མདངས། །

གྲི་ཐོད་འཛིན་དང་མཉམ་སྦྱོར་བའི། །

གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །

དམ་ཡེ་གཉིས་མེད་ཆེན་པོར་བཞུགས། །

 

ཨཿ སྲིད་གསུམ་བླ་མའི་རོལ་པ་ལ། །

དག་མཉམ་ལྟ་བའི་ཕྱག་གིས་འདུད། །

ཅིར་སྣང་མཆོད་པའི་རྒྱན་དུ་ཤར། །

སྡིག་ལྟུང་སྐྱེ་མེད་ངང་དུ་བཤགས། །

མ་བྱས་དགེ་ལ་རྗེས་ཡི་རང་། །

ལྷུན་གྲུབ་ཆེན་པོའི་ཆོས་འཁོར་བསྐོར། །

འཕོ་འགྱུར་མེད་པར་བཞུགས་གསོལ་འདེབས། །

དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ།

སྤྲོ་ན་མཎྜལ་མཆོད་པ་འབུལ།

ཆེ་མཆོག་རིག་འཛིན་གྲུབ་པ་ཆེ། །

འཕོ་ཆེན་བི་མ་ལ་མི་ཏྲ། །

དགེ་བའི་བཤེས་ཀྱི་གཟུགས་བསྒྱུར་བ། །

མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས། །

ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །

མཁྱེན་ནུས་བརྩེ་བའི་རྩལ་ཆེན་རྫོགས། །

རིག་འཛིན་གྲུབ་པའི་དཔའ་བོ་ཆེ། །

ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །

ཨོཾ་ཨཱཿགུ་རུ་པདྨ་ཛྙཱ་ན་བཛྲ་སརྦ་སིདྡྷི་ཧཱུྃ།

ཞེས་པའི་མཚན་སྔགས་གསོལ་འདེབས་བྱ།

གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །

སྐུ་དང་སྔགས་ཕྲེང་ཕྱག་མཚན་ཚོགས། །

འོད་ཟེར་བདུད་རྩིའི་རྒྱུན་དང་བཅས། །

སྐར་མདའ་འཕྲོས་བཞིན་གནས་གསུམ་དུ། །

རིམ་དང་ཅིག་ཆར་ཐིམ་པ་ཡིས། །

སྒྲིབ་དག་དབང་དང་དངོས་གྲུབ་ཐོབ། །

མཐར་ནི་དགྱེས་པ་ཆེན་པོ་ཡིས། །

རང་གི་ཚངས་བུག་ནས་བརྒྱུད་དེ། །

སྙིང་དབུས་འོད་ཀྱི་གུར་ཁང་དུ། །

འབྲལ་མེད་བཞུགས་པའི་ཐུགས་དབུས་སུ། །

ཙིཏྟ་འོད་ཀྱི་གོང་བུའི་ནང་། །

ཀུན་བཟང་ཡབ་ཡུམ་རྒྱན་མེད་ཀྱི། །

ཐུགས་ཀར་ཨཱཿཡིག་མཐིང་གསལ་ལ། །

རིག་པ་གཏད་དེ་ཐུགས་ཡིད་བསྲེ། །

བློ་བྲལ་དགོངས་པའི་ངང་དུ་བཞག །

རྗེས་ལ་དགེ་བསྔོ་སྨོན་ལམ་ནི།

སྣོད་བཅུད་སྣང་གྲགས་དྲན་རྟོག་ཀུན། །

དཔལ་ལྡན་བླ་མའི་རོལ་པར་བལྟ། །

དགེ་འདིས་མཐའ་ཀླས་འགྲོ་བ་རྣམས། །

བླ་མའི་ངོ་བོར་བྱང་ཆུབ་ཤོག །

 

ཅེས་པའང་དད་དམ་དགེ་བའི་བློ་མངའ་ཤེས་རབ་མཐར་ཕྱིན་གྱིས་ལྷ་རྫས་རིན་གཉིས་འཁོར་ལོ་དབང་བཅུའི་གྲངས་ལྡན་བཅས་ནན་ཏན་ཆེན་པོས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་འདིས་ཀྱང་རང་རིག་སྐུ་གསུམ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept