The Excellent Bilva Tree—Tibetan

Literary Genres › Praise | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།མཆོག་གྱུར་བདེ་ཆེན་གླིང་པ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

མཆོག་གྱུར་བདེ་ཆེན་གླིང་པ།

Further information:
Download this text:

༄༅། །གཏེར་ཆེན་མཆོག་གྱུར་གླིང་པ་ལ་བསྟོད་ཅིང་གསོལ་བ་འདེབས་པ་བཀྲ་ཤིས་བིལ་ཝའི་ལྗོན་བཟང་ཞེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ་པདྨ་ཀཱ་ར་ཡ།

 

གཞི་རྫོགས་འཕོ་འགྱུར་ཀུན་བྲལ་ཆོས་དབྱིངས་མཁར། །

ལོངས་སྤྱོད་ལྷུན་གྲུབ་འོད་ལྔའི་ཚོམ་བུ་བཀྲ། །

ཐུགས་རྗེའི་ཟེར་ནི་གང་འདུལ་བསམ་མི་ཁྱབ། །

སྐུ་གསུམ་ངོ་བོ་གཏེར་ཆེན་བླ་མ་རྒྱལ། ༡ །

 

པདྨ་འབྱུང་གནས་དཔལ་རྣམས་ཀུན་གྱི་མཆོག །

དཔལ་ལྡན་དང་པོའི་སངས་རྒྱས་ཀུན་ཏུ་འཆང་། །

མཐའ་ཡས་དཀྱིལ་འཁོར་སྤྲོ་དང་བསྡུ་བའི་དཔལ། །

དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ༢ །

 

འཕོ་མེད་ཚུལ་ཁྲིམས་དགའ་བཞིའི་དྲི་དང་ལྡན། །

གཞན་ཕན་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་གཏམས། །

སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངོ་བོར་ཤར། །

རྡོ་རྗེ་འཛིན་རྒྱལ་ཁྱེད་ལ་གསོལ་བ་འདེབས།  ༣ །

 

བཀའ་གཏེར་གཞུང་གདམས་ཆུ་ཀླུང་འབུམ་ཕྲག་སྙེད། །

ཁྱེད་ཐུགས་དཔལ་གྱི་བེའུར་བསྐྱིལ་བ་དང་། །

མཁས་བཙུན་གསུམ་གྱི་དབྱར་རྔའི་སྒྲ་དབྱངས་སྒྲོགས། །

བློ་ལྡན་དགའ་བ་བསྐྱེད་ལ་གསོལ་བ་འདེབས།  ༤ །

 

གསང་གསུམ་འཆལ་བའི་ཉེས་པས་མི་བརྫི་བཙུན། །

བཟང་པོའི་ཕྲིན་ལས་ཕྱོགས་ཀྱི་ཐ་གྲུར་ཁྱབ། །

མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་ལས་འདས། །

གཏེར་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། ༥ །

 

ཀུན་དང་ཐུན་མིན་བཀའ་བབས་རིན་ཆེན་བདུན། །

སྔོན་མེད་གསང་མཛོད་ཟབ་མོའི་སྒོ་འཕར་བྱེ། །

པདྨའི་མཆོག་བསྟན་གསལ་བའི་སྒྲོན་མེ་ཆེ། །

དམ་འཛིན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས།  ༦ །

 

གྲོལ་བ་རྣམ་བཞིའི་ཕྲིན་ལས་མཁའ་དང་མཉམ། །

ཇི་སྲིད་འགྲོ་འདི་སྟོང་བར་མ་གྱུར་པ། །

དེ་སྲིད་རྣམ་རོལ་སྤྲུལ་པ་སྣ་ཚོགས་ཀྱིས། །

བསྟན་འགྲོའི་དོན་ཆེན་སྒྲུབ་ལ་གསོལ་བ་འདེབས།  ༧ །

 

ཁྱད་པར་པདྨས་ཁེབས་པའི་ཞིང་ཁམས་སུ། །

སེམས་དཔའ་པདྨའི་མྱུ་གུས་སྐུར་བཞེངས་ཏེ། །

རྒྱལ་སྲས་སེམས་དཔའི་ཚོགས་དང་ལྷན་ཅིག་ཏུ། །

ཐེག་ཆེན་ཆོས་སྒྲ་སྒྲོགས་ལ་གསོལ་བ་འདེབས།  ༨ །

 

མཆོད་པའི་སྤྲིན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །

དགེ་ལ་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ། །

མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །

དགེ་ཚོགས་མ་ལུས་འགྲོ་བ་ཡོངས་ལ་བསྔོ། ༩ །

 

བདག་ཅག་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །

གཏེར་ཆེན་བླ་མ་མཆོག་དང་མི་འབྲལ་ཤིང་། །

སྡོམ་པ་རྣམ་དག་རིམ་གཉིས་ཕ་མཐར་ཕྱིན། །

བླ་མ་སྐུ་བཞིའི་དབང་ཕྱུག་མྱུར་འགྲུབ་ཤོག །

 

མཆོག་གཏེར་བསྟན་པ་འཛམ་གླིང་ཀུན་ཏུ་ཁྱབ། །

གྲུབ་གཉིས་བྱེ་བའི་ནོར་བུས་གཟིར་འབར་བས། །

ཕྱོགས་དུས་གནས་སྐབས་ཀུན་ཏུ་བཀྲ་ཤིས་ཤིང་། །

སྲིད་ཞིའི་དགེ་མཚན་གཡས་སུ་འཁྱིལ་བར་ཤོག །

 

ཅེས་པའང་མདོ་ཁམས་ས་ཡི་ཐིག་ལེ་དཔེ་མེད་རྡོ་རྗེའི་ལྟེ་བ་རྩི་རྐེ་ནོར་བུ་གླིང་གི་གཏེར་ཆེན་བླ་མའི་མཆོད་སྡོང་རིན་པོ་ཆེའི་མདུན་མངོན་པར་གསོལ་བ་འདེབས་པ་པོ་ནི་འཇམ་དབྱངས་བློ་གྲོས་རྒྱ་མཚོས་དབོ་ཟླའི་ཚེས་ ༡༧ ལ་བྲིས་པ་སིདྡྷིར་བྷ་ཝ་ཏུ། མངྒ་ལཾ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept