The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Drop of Wisdom Nectar—Tibetan

English | བོད་ཡིག

༄༅། །བླ་མའི་རྣལ་འབྱོར་ཡེ་ཤེས་བཅུད་ཐིག་ཅེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ་ཛྙཱ་ན་ཀཱ་ཡཱ་ཡ།

དེ་ལ་ཟབ་ལམ་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས་བདེ་བའི་སྟན་ལ་འཁོད་ནས། ངེས་འབྱུང་དང་བྱང་སེམས་ཀྱི་རྒྱུད་སྦྱང་ཞིང་སྐྱབས་ཡུལ་གསལ་བཏབ་ལ།

བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །

དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །

གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །

བླ་མ་བསྒྲུབ་པར་སེམས་བསྐྱེད་དོ། །

ལན་གསུམ།

ཨ། རང་གི་མདུན་གྱི་ནམ་མཁའ་རུ། །

སེང་ཁྲི་པདྨ་ཟླ་བའི་སྟེང་། །

འཇམ་དབྱངས་བླ་མ་ཆོས་ཀྱི་རྒྱལ། །

བློ་གྲོས་རྒྱ་མཚོ་དཀར་དམར་མདངས། །

ཕྱག་གཉིས་ངལ་གསོའི་ཕྱག་རྒྱ་ཡི། །

གཡས་གཡོན་པདྨའི་སྡོང་པོའི་རྩེར། །

གླེགས་རལ་རྡོ་རྗེ་དྲིལ་བུས་མཚན། །

སྤྱན་ཟུང་ལྟ་སྟངས་འཛུམ་བག་གཟིགས། །

ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །

སྐུ་ལ་ཆོས་གོས་མཛེས་པར་བཀླུབས། །

སྡེ་སྣོད་གསུམ་མཚོན་པཎ་ཞུ་གསོལ། །

རྩ་གསུམ་རྒྱལ་བ་འདུས་པའི་དངོས། །

སྣང་སྟོང་ཟུང་འཇུག་འོད་ཀྱི་སྐུ། །

མཚན་དཔེའི་གཟི་བརྗིད་འབར་བ་ཡི། །

གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །

འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ། །

བྱིན་རླབས་གཟི་བྱིན་འབར་བར་གྱུར། །

ཡན་ལག་བདུན་པས་ཚོགས་བསགས་པ།

སྐྱབས་ཀུན་འདུས་པའི་བདག་ཉིད་བླ་མ་ལ། །

གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །

དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །

བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །

ཅེས་དང་སྤྲོ་ན་མཎྜལ་འབུལ།

དེ་ནས་གསོལ་བ་གདབ་པ་ནི།

མཁའ་ཁྱབ་རྒྱལ་བ་ཀུན་གྱི་སྐུའི་ཡེ་ཤེས། །

གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག །

འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོ་དང་། །

དབྱེར་མེད་བློ་གྲོས་རྒྱ་མཚོར་གསོལ་བ་འདེབས། །

ཞེས་དང་མཚན་སྔགས་བཟླ་འདོད་ན།

ཨོཾ་ཨཱཿགུ་རུ་མཉྫུ་གྷོ་ཥ་མ་ཏི་ས་ག་ར་སརྦ་སིདྡྷི་ཧཱུྃ།

ཞེས་བཟླ་མཐར་གྱི་དབང་བླང་བ།

སྐྱབས་གནས་ཀུན་འདུས་རྗེ་བཙུན་མཁྱེན་པའི་གཏེར། །

མི་མངོན་དབྱིངས་ནས་ཐུགས་རྗེས་བརྩེར་དགོངས་ལ། །

ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམས་པ་དང་། །

དབང་དང་བྱིན་རླབས་མཆོག་གི་དངོས་གྲུབ་སྩོལ། །

བླ་མའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས། །

འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན། །

སྐུ་དང་སྔགས་ཕྲེང་ཕྱག་མཚན་དང་བཅས་པ། །

རིམ་དང་ཅིག་ཅར་རང་གི་གནས་གསུམ་ཐིམ། །

དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། །

མཐར་ནི་བླ་མ་དགྱེས་པ་ཆེས། །

འོད་ཞུ་རང་ལ་ཐིམ་པ་དང་། །

སྒོ་གསུམ་བླ་མར་དབྱེར་མེད་འདྲེས། །

གཤིས་ལུགས་མ་བཅོས་སྐྱེ་མེད་ངང་། །

ཡེ་བབས་སོར་བཞག་དགོངས་པ་བསྐྱང་། །

གདོད་མའི་ཆོས་སྐུ་མངོན་དུ་འགྱུར། །

རིག་སྟོང་བླ་མའི་རང་རྩལ་རྫོགས། །

ཅེས་བརྗོད་ཡུན་རིང་མཉམ་པར་བཞག །རྗེས་སུ་ཐུན་ལས་ལྡང་བ་ན།

དགེ་འདིས་བདག་སོགས་སེམས་ཅན་ཀུན། །

བླ་མའི་ལམ་ལ་བརྩོན་པའི་མཐུས། །

སྐུ་གསུམ་འབྲས་བུ་མངོན་གྱུར་ནས། །

དོན་གཉིས་མཐར་ཕྱིན་བཀྲ་ཤིས་ཤོག །

 

སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་མཆོག །

མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ནས་ཀྱང་། །

ཟབ་གསང་ཆོས་ཀྱི་བདུད་རྩིས་རྗེས་བཟུང་ནས། །

ས་ལམ་ཡོན་ཏན་གོང་ནས་གོང་འཕེལ་ཤོག །

ཅེས་སོགས་སྨོན་ལམ་གང་ཤེས་བྱ། །སྤྱོད་ལམ་བླ་མའི་ལམ་ཁྱེར་དང་། །དུས་ཀུན་འབྲལ་བ་མེད་པར་བསླབ། །

 

ཅེས་པའང་ཤར་ཀཿཐོག་རྡོ་རྗེ་གདན་གྱི་རྒྱུད་སྡེའི་རྡོར་སློབ་མཁན་པོ་ཚུལ་ཁྲིམས་ཉི་མ་ནས་བཀྲ་ཤིས་པའི་ལྷ་རྫས། ལིང་སྔོ་ལྗང་། མན་ཤེལ་དྲི་མེད་དངུལ་སྟེགས་བཅས་ཀྱི་གནང་སྐྱེས་དང་འབྲེལ་འདི་སྟར་བའི་དགོས་པ་དང་། དེའང་མྱུར་དུ་གྲུབ་པར་གྱིས་ཞེས་ནན་དུ་གསུང་བསྐུལ་ངོར། ཆོས་མེད་དྲེད་པོ་དགེ་སྦྱོང་གི་གཟུགས་བརྙན་ཆོས་ཀྱི་བློ་གྲོས་པས་གཡར་ཁྲལ་དུ་བྲིས་པ་འདིས་ཀྱང་རང་རིག་བླ་མ་སངས་རྒྱས་སུ་མཐོང་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ་བྷ་བ་ཏུ་སུ་ཤྲཱིཿཡོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept