The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Hevajra Aspiration—Tibetan

English | བོད་ཡིག

༄༅། །འདོད་པའི་དོན་ལ་སྨོན་ལམ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

 

བླ་མ་རྣམས་དང་དཔལ་ལྡན་བིཪྺ་པ། །

བརྩེ་བ་ཆེན་པོ་བསོད་ནམས་རྩེ་མོ་དང་། །

གྲགས་པ་རྒྱལ་མཚན་ས་སྐྱ་པཎྜི་ཏ། །

བློ་གྲོས་རྒྱལ་མཚན་ངོར་ཆེན་ཀུན་དགའ་བཟང་། །

བློ་གསལ་རྒྱ་མཚོ་མཁྱེན་བརྩེའི་དབང་ཕྱུག་དང་། །

འཇམ་དབྱངས་མཁྱེན་བརྩེ་བློ་གཏེར་དབང་པོ་སོགས། །

གསུང་ངག་བརྒྱུད་པའི་བླ་མ་ཐམས་ཅད་དང་། །

དགྱེས་པ་རྡོ་རྗེ་ལྷ་མོ་བརྒྱད་དང་བཅས། །

མཐུ་སྟོབས་དབང་ཕྱུག་མགོན་པོ་ལྕམ་དྲལ་སོགས། །

བདག་ལ་དགོངས་ཤིང་སྨོན་པའི་གནས་འདི་དག །

མྱུར་དུ་འགྲུབ་ལ་དཔང་པོར་མཛོད་ཅིག་ཀྱེ། །

 

བདག་ནི་བག་མེད་པ་ཡི་དབང་དུ་གྱུར། །

ཆོས་བཞིན་སྤྱོད་ལ་འགལ་རྐྱེན་ཆེས་མང་ཞིང་། །

ཁྱད་པར་ཚུལ་མིན་རྣམ་རྟོག་འཚུབ་མ་ཡིས། །

བདག་རྒྱུད་ལས་སུ་རུང་བར་མ་གྱུར་པས། །

དེང་ནས་རང་སེམས་འདུལ་ལ་བརྩོན་པར་ཤོག །

 

ཉོན་མོངས་འཕེལ་བའི་གནས་དང་གྲོགས་སྤངས་ཤིང་། །

འདོད་ཡོན་བདུད་ཀྱི་གཡབ་མོས་མ་ཁྱེར་བར། །

ཆོས་མཐུན་སྤྱོད་པའི་གྲོགས་དང་ཟས་གོས་སོགས། །

འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་ཤོག །

 

དོན་མེད་ངག་འཁྱལ་ཆགས་སྡང་འཕེལ་བའི་རྒྱུ། །

ཉེས་པའི་རང་བཞིན་སྨྲ་བ་བཅད་ནས་སུ། །

ཆོས་མཐུན་གཏམ་གྱི་སྦྱོར་བ་ཉུང་ངུ་ལས། །

རྟག་ཏུ་ཁ་ཏོན་བྱེད་ལ་བརྩོན་པར་ཤོག །

 

ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང་། །

ནམ་ཡང་མི་འབྲལ་ཚུལ་ཁྲིམས་ཕུན་སུམ་ཚོགས། །

དད་དང་མོས་གུས་བླ་མ་མཉེས་པར་བྱེད། །

ཅི་བྱེད་བྱང་ཆུབ་སྤྱོད་ལ་འགྱུར་བར་ཤོག །

 

ཐུན་མོང་ཐུན་མིན་སྡོམ་པ་སྲོག་ལྟར་བསྲུང་། །

བླ་མ་དཀྱིལ་འཁོར་གཙོ་བོར་ཤེས་པ་ཡིས། །

རིམ་གཉིས་ཐུན་བཞིའི་ལམ་ལ་བརྩོན་པའི་མཐུས། །

རྨད་བྱུང་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །

 

ལམ་གྱི་སྙིང་པོ་ཟབ་མོ་དབང་བཞིའི་ལམ། །

ཡང་ཡང་གོམས་པས་སྐུ་བཞིའི་རྟེན་འབྲེལ་འགྲིགས། །

རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་མངོན་གྱུར་ནས། །

དགྱེས་པ་རྡོ་རྗེས་སྲིད་གསུམ་གར་བྱེད་ཤོག །

 

ཅེས་པའང་ཧེ་བཛྲ་གྱི་བསྙེན་པའི་སྔོན་འགྲོ་བླ་མའི་རྣལ་འབྱོར་སྐབས་གསུང་ངག་རིན་པོ་ཆེར་མོས་པ་ལམ་དུ་བྱེད་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་བས་རྩེ་གཅིག་གུས་པས་སྨོན་པ་གེགས་མེད་མྱུར་དུ་འགྲུབ་པར་གྱུར་ཅིག །མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Hevajra

This website uses cookies to collect anonymous usage statistics and enhance the user experience.
Decline
Accept