The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Khyenrab Chökyi Özer Long-Life Prayer—Tibetan

English | བོད་ཡིག

༄༅། །ཆོས་སྨྲ་བའི་བཤེས་གཉེན་མཁན་ཆེན་མཁྱེན་རབ་འོད་ཟེར་ལ་ཞབས་བརྟན་དུ་གསོལ་བ་བདེན་ཚིག་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །

 

ཨོཾ་སྭསྟི།

འཇམ་དབྱངས་བླ་མའི་བྱིན་རླབས་ཐུགས་རྗེའི་གཏེར། །

སྙིགས་དུས་བསྟན་འགྲོའི་མགོན་དུ་འཕོས་པ་ལས། །

ངོ་མཚར་སྐྱེས་ཆེན་བརྒྱུད་མར་བྱོན་པ་ཡི། །

བཀྲ་ཤིས་སྣང་བས་རྟག་ཏུ་ཤིས་གྱུར་ཅིག །

 

མཁྱེན་རབ་དག་ཅིང་གཙང་བའི་ཨ་དརྴར། །

ཕྱི་ནང་ཆོས་ཚུལ་འབུམ་ཕྲག་གཟུགས་བརྙན་འཆར། །

སྐལ་བཟང་འགྲོ་ལ་ལེགས་པའི་ལམ་སྟོན་པ། །

བྱམས་པ་ཆོས་ཀྱི་འོད་ཟེར་ཞབས་བརྟན་གསོལ། །

 

མདོ་སྔགས་ཐུན་མོང་ཐུན་མིན་ཐེག་པ་རྣམས། །

ཀུན་མཁྱེན་བསྟན་པའི་ཉི་མའི་བཞེད་སྲོལ་བཞིན། །

མ་འདྲེས་ཇི་བཞིན་འཆད་ལ་བསྙེངས་བྲལ་བ། །

ཟླ་གྲགས་གཉིས་པ་ཡུན་དུ་འཚོ་གཞེས་གསོལ། །

 

ས་སྐྱའི་འཇམ་མགོན་བརྒྱུད་པར་བཅས་པ་ཡི། །

བཞེད་གཞུང་བློ་གྲོས་ཤེ་མོང་བཙན་པོའི་མཐུས། །

ལུང་རིགས་བློ་ཡི་ཡོལ་གོར་འདེགས་བཟོད་པ། །

སྨྲ་བའི་དབང་ཕྱུག་ཆེན་པོ་འཚོ་གཞེས་གསོལ། །

 

ཕྱི་རུ་རྣམ་དག་ཁྲིམས་ཀྱི་རྒྱུད་བསྡོམས་ཤིང་། །

ནང་དུ་བྱང་ཆུབ་སེམས་ལ་ཐུགས་རྒྱུད་འབྱོངས། །

གསང་བ་བསྐྱེད་རྫོགས་གྲུབ་པའི་བརྟུལ་ཞུགས་འཆང་། །

སུམ་ལྡན་རྡོ་རྗེ་འཛིན་པ་འཚོ་གཞེས་གསོལ། །

 

ཆོས་སྨྲ་འཇིག་རྟེན་གསུམ་གྱི་རྒྱན་ཡིན་ཏེ། །

ཇི་སྲིད་གནས་བར་འགྲོ་བའི་སྒྲོན་མེར་གྱུར། །

དེ་སྲིད་སྐུ་ལ་བསྙེལ་བ་མི་མངའ་བར། །

མདོ་སྔགས་ཆོས་ཀྱི་རྔ་ཆེན་སྒྲོགས་གྱུར་ཅིག །

 

ཅེས་པའང་སྙིགས་མའི་དུས་འདིར་རིས་སུ་མེད་པའི་ཆོས་ཀྱི་མཛོད་འཛིན་ཅིང་། ཁྱད་པར་རྗེ་བཙུན་ས་སྐྱ་པའི་བརྒྱུད་འཛིན་སྨྲ་མཁས་ཀུན་གྱི་གཙུག་གི་ནོར་བུར་གྱུར་པ་མཁྱེན་རབ་ཆོས་ཀྱི་འོད་ཟེར་ཞབས་བརྟན་འདིའང་། དབོན་སྟོད་ལྷུན་པོ་རྩེའི་སློབ་གྲྭ་ནས་གང་གི་ཞལ་སློབ་རྣམས་ཀྱིས་བཀྲ་ཤིས་པའི་ལྷ་རྫས་རིན་གཉིས་འཁོར་ལོ་མི་ཟད་ལྔའི་གྲངས་ལྡན་དང་བཅས་པའི་གསུང་གི་བསྐུལ་ངོར་དགེ་སྦྱོང་གི་རྟགས་ཙམ་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

མཁྱེན་རབ་ཆོས་ཀྱི་འོད་ཟེར།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept