In Praise of Kuśinagara—Tibetan

Practices › Pilgrimage | Literary Genres › Praise | Places › India | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

The Buddha’s parinirvāṇa

༄༅། །རྩྭ་མཆོག་གྲོང་ལ་བསྟོད་པ་བཞུགས་སོ། །

ཨོཾ་སྭསྟི།
འགྲོ་བའི་བླ་མ་ཤཱཀྱ་སེང་གེ་ཡི། །
མཛད་པ་ཐ་མ་ཉེ་བར་སྟོན་པའི་གནས། །
གྲོང་ཁྱེར་ཙྭ་ཅན་རྒྱལ་བས་བསྔགས་པ་དེར། །
རབ་ཏུ་གུས་ཤིང་དད་པའི་ཕྱག་གིས་འདུད། །

ཕྱོགས་མཚམས་ཀུན་ཏུ་པདྨ་བཀྲམ་པ་ལྟར། །
ཁྱོན་ཡངས་རིན་ཆེན་སྣ་ཚོགས་ཁམས་ལྡན་པའི། །
བྲག་རི་དང་ནི་སྨན་ཤིང་བཟང་པོ་དང་། །
མཚར་སྡུག་རྣམ་བཀྲའི་མེ་ཏོག་ཚར་དུ་དངར། །
ཡིད་འོང་སྤང་ལྗོངས་ཆུ་གཏེར་སྐྱེད་ཚལ་སོགས། །
དག་པའི་ཞིང་ཁམས་ས་འདིར་འཕོས་པར་བསྔགས། །

ལྷ་དང་དྲང་སྲོང་རྣམས་ཀྱི་བསྟི་གནས་ཆེ། །
བྱང་ཆུབ་ཤིང་གི་བཀོད་པ་རབ་རྫོགས་དེར། །
སྐྱེས་མཆོག་ཉི་མའི་གཉེན་དེ་རྡོ་རྗེའི་སྐུ། །
འཆི་བ་སྤངས་ཀྱང་སངས་རྒྱས་འབྱུང་བ་ལ། །
རབ་ཏུ་དཀོན་དང་རྟག་འཛིན་བཟློག་པའི་ཕྱིར། །
སཱ་ལ་ཟུང་གི་བར་དུ་གཟིམ་ཁྲི་བཤམས། །
སྒྲ་གཅན་འཛིན་དང་ཀུན་དགའ་བོ་སོགས་ལ། །
ཞལ་གྱི་གདམས་པ་ཉེ་བར་བསྟན་པ་དང་། །
སེང་གེའི་གཟིམ་སྟབས་དབུ་ནི་བྱང་བསྟན་དུ། །
གཟུགས་སྐུའི་བུམ་ནས་འཕོ་ཚུལ་བསྟན་ལ་འདུད། །

དེ་ཚེ་འཇིག་རྟེན་གསུམ་པོ་མུན་པར་གྱུར། །
ལྷར་བཅས་འགྲོ་བ་ཐམས་ཅད་ཆོ་ངེ་འདེབས། །
དགྲ་བཅོམ་མང་པོ་མྱ་ངན་འདས་ལ་གཤེགས། །
རྒྱལ་ཚབ་འོད་སྲུང་ཆེན་པོ་ལ་སོགས་པ། །
ལེགས་པར་གདན་འཛོམ་ཡེ་ཤེས་ཞུགས་ཀྱིས་སྦྱངས། །
མཆེ་བ་བཞི་དང་སྐུ་གདུང་རིང་བསྲེལ་ཚོགས། །
བསོད་ནམས་མཆོད་པའི་ཞིང་དུ་བྱོན་པ་རྣམས། །
སོ་སོར་གདན་དྲངས་མཆོད་པའི་རྟེན་དུ་འབར། །
ཕྲིན་ལས་འཛད་པ་མེད་ལ་གུས་པས་བསྟོད། །
ལེགས་གསུང་བཀའ་བསྡུ་ཆེན་པོ་རྣམ་གསུམ་བྱུང་། །
གཏད་རབས་ཆེན་པོ་བདུན་སོགས་རིམ་པར་བྱོན། །

མདོར་ན་རྒྱ་གར་རྒྱ་ནག་བལ་བོད་སོགས། །
བསྟན་དང་བསྟན་འཛིན་ཇི་སྙེད་བྱོན་པ་རྣམས། །
ཐུབ་དབང་ཉིད་ཀྱི་ཐུགས་རྗེའི་བྱིན་རླབས་ལས། །
བྱོན་དང་འབྱོན་འགྱུར་རྣམས་ཀྱང་རྒྱལ་བའི་མཐུ། །
ཡང་ཡང་བཀའ་དྲིན་རྗེས་སུ་དྲན་པས་མཆོད། །

དེ་ལྟར་སྟོན་པ་མཉམ་མེད་སངས་རྒྱས་དང་། །
སྐྱོབ་པ་ཞི་བསིལ་དམ་པའི་ཆོས་ཆེན་པོ། །
འདྲེན་པ་ཕུལ་བྱུང་དགེ་འདུན་རིན་པོ་ཆེ། །
མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །

ངེས་འབྱུང་ཚུལ་ཁྲིམས་བྱང་ཆུབ་སེམས་མཆོག་སྐྱེ། །
ཡང་དག་ལྟ་བ་མངོན་སུམ་རྟོགས་པ་དང་། །
ས་བཅུ་ལམ་ལྔ་མ་ལུས་ཀུན་རྫོགས་ནས། །
ཤཱ་ཀྱའི་རྒྱལ་པོ་ཁྱེད་དང་དབྱེར་མེད་ཤོག །

ཅེས་པའང་གཙུག་ལག་ལུང་རིགས་ཉི་མས་འཕགས་ཡུལ་གནས་མཇལ་སྐབས་འབོལ་རྩོམ་དུ་དང་བའི་ངག་གིས་གསོལ་བ་བཏབ་པ་བཞིན་དུ་འགྲུབ་པར་བྱིན་གྱིས་རློབས་ཤིག་གུ། །།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept