The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Ngawang Tutob Wangchuk Long-Life Prayer—Tibetan

English | བོད་ཡིག

༄༅། །དཔལ་ས་སྐྱ་པ་ཆེན་པོ་འཇམ་དབྱངས་ངག་དབང་མཐུ་སྟོབས་དབང་ཕྱུག་གི་ཞབས་བརྟན་འཆི་མེད་རྔ་སྒྲ་ཞེས་བྱ་བ།

 

ཨོཾ་སྭསྟི་སིདྡྷཾ།

འཇམ་མགོན་བླ་མའི་ཐུགས་རྗེའི་ཉིན་བྱེད་ཀྱི། །

མཁྱེན་བརྩེའི་འོད་ཟེར་ཕུང་པོ་མཐའ་ཡས་པས། །

ཕྱོགས་དུས་ཞིང་ཀུན་དབང་བསྒྱུར་འཁོར་ལོའི་མགོན། །

ཁྱབ་བདག་འཇམ་པའི་རྡོ་རྗེར་ཞབས་བརྟན་གསོལ། །

 

ངག༵་ལ་དབ༵ང་འབྱོར་ཆོས་ཚུལ་རབ་འབྱམས་ཀུན། །

སྨྲ་བའི་དབང་པོ་ཚངས་སྲས་དགྱེས་པའི་ཞལ། །

ཐུབ་བསྟན་བཤད་དང་སྒྲུབ་པ་གསལ་མཛད་པ། །

འཁོན་རིགས་ཆོས་ཀྱི་རྒྱལ་པོ་ཞབས་བརྟན་གསོལ། །

 

སྙིགས་དུས་བདུད་དང་དམ་སྲི་འདུལ་བ་ལ། །

དཔལ་ཆེན་མཐུ༵་སྟོབ༵ས་ཕྲིན་ལས་ཤུགས་འཆང་བས། །

བསྟན་འགྲོར་བདེ་སྐྱིད་དགེ་ལེགས་སྣང་སྟེར་བ། །

རྡོ་རྗེ་གཞོན་ནུའི་ངོ་བོར་འཚོ་བཞེས་གསོལ། །

 

བཀྲ་ཤིས་གྲགས་པ་རྒྱ་མཚོའི་དབང༵་ཕྱུག༵་ཆེ། །

ཁམས་གསུམ་ཆེ་རྒུའི་ཕྱག་གིས་བཏད་པའི་གནས། །

ཕྱོགས་ལས་རྣམ་རྒྱལ་བསྟན་པའི་རྒྱལ་མཚན་མཆོག །

ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག །

 

དེ་ལྟར་གསོལ་བ་བཏབ་པའི་རེ་འབྲས་བཞིན། །

དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པ་དང་། །

ཆོས་དང་སྲིད་ཀྱི་དཔལ་ཡོན་རྒྱས་གྱུར་ནས། །

བཀྲ་ཤིས་སྣང་བས་ས་གསུམ་ཁྱབ་པར་ཤོག །

 

ཅེས་བའི་ཞབས་བརྟན་འདི་ཡང་འཇམ་མགོན་ས་སྐྱ་པའི་ཐུགས་རྗེ་གདུགས་དཀར་པོའི་གྲིབ་བསིལ་དུ་འཚོ་བ་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་མི་འཛད་པ་རྒྱན་གྱིས་འཁོར་ལོས་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་གྱིས་དད་གུས་ཀྱི་ཆུ་གཏེར་འཕེལ་བཞིན་གསོལ་བ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Sakya Trichen Ngawang Tutob Wangchuk

This website uses cookies to collect anonymous usage statistics and enhance the user experience.
Decline
Accept