Sakya Dagchen Rinpoche Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།ས་སྐྱ་བདག་ཆེན་རིན་པོ་ཆེ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ས་སྐྱ་བདག་ཆེན་རིན་པོ་ཆེ།

Further information:
Download this text:

༄༅། །དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་དགའ་བསོད་ནམས་ཀྱི་ཞབས་བརྟན་བཀྲ་ཤིས་འཁྱིལ་པ་ཞེས་བྱ་བ།

 

ཨོཾ་སྭསྟི།

ངོ་མཚར་ཕུན་ཚོགས་འཆི་མེད་གྲུབ་པ་ཡི།    །

རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ།    །

གནས་གསུམ་ཌཱ་ཀི་གུར་ཞལ་ཆོས་སྲུང་དང་།    །

ནོར་ལྷ་གཏེར་བདག་རྒྱ་མཚོས་ཤིས་པ་སྩོལ།    །

 

ངག༵་གི་འདོད་པ་འཇོ་བའི་མཁྱེན་གཏེར་ལྷ།    །

དབ༵ང་བཅུ་གྲུབ་པ་ཡོངས་ཀྱི་འཁོར་ལོས་བསྒྱུར།    །

རིག་འཛིན་བྱེ་བའི་གཙུག་གི་ནོར་བུ་མཆོག  །

འཇམ་མགོན་ས་ཆེན་བླ་མ་ཞབས་བརྟན་གསོལ།    །

 

ཀུན༵་དག༵འ་སྙིང་པོའི་གསུང་ངག་རིན་ཆེན་གཏེར།    །

བསོ༵ད་ནམ༵ས་རྒྱལ་མཚན་རྩེ་མོར་ལེགས་མཆོད་དེ།    །

བཤད་དང་སྒྲུབ་པས་ཕྱོགས་བཅུར་ཁྱབ་མཛད་པ།    །

བདག་ཆེན་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ།    །

 

སྲིད་ཞི་ཀུན་གྱི་དཔ༵ལ་གྱུར་དོན་གཉིས་ལྡན།    །

མཁས་དང་གྲུབ་པའི་རྣམ་ཐར་བཟང༵་པོ༵ས་མཛེས།    །

འཇི༵གས་བྲལ༵་རྡོ་རྗེའི་ཁྲི་འཕང་མཐོན་པོ་རུ།    །

ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བཞུགས་གསོལ།    །

 

གསང་གསུམ་ནོར་བུ་ལྷུན་པོའི་གཟི་འོད་ཀྱིས།    །

བསྟན་འགྲོའི་རྒུད་མུན་མཐའ་དག་གཞིལ་བ་དང་།    །

ཕྱོགས༵་ལས༵་རྣམ༵་པར་རྒྱལ༵་བའི་བ་དན་ཕྱར།    །

ཕྲིན་ལས་གདུགས་དཀར་ཡངས་པས་ཁྱབ་གྱུར་ཅིག  །

 

ཅེས་པའང་གུས་འབངས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རང་ཉིད་ཀྱི་མངོན་པར་དད་ཅིང་དང་བ་དང་།  ཉེ་ཆར་མཁྱེན་སྤྲུལ་རིན་པོ་ཆེ་རབ་གསལ་ཟླ་བས་བཀྲ་ཤིས་ལྷ་རྫས་བཅས་གསུང་བསྐུལ་གྱིས་མཚམས་སྦྱར་ཏེ་ཤིང་རྟ་ས་ག་ཟླ་བའི་རྣལ་འབྱོར་དབང་ཕྱུག་གིས་བདག་མེད་སྤྲུལ་པའི་དཀྱིལ་འཁོར་དུ་དབང་ནོད་དེ་ས་དྲུག་པའི་རྟོགས་པ་བརྙེས་པའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཚེས་༢༣ ལ་གཟིམ་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གསོལ་བ་བཏབ་པ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།    །སརྦ་དཱ་མངྒ་ལཾ།    །ཤུ་བྷཾ།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept