The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Tai Situ Rinpoche Long-Life Prayer—Tibetan

English | བོད་ཡིག

༄༅། །བྱམས་ཆེན་ཏཱའི་སི་ཏུ་པདྨའི་ལྗགས་ལྡན་སྐུ་ཕྲེང་བཞི་པའི་ཞབས་བརྟན་པདྨའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།    །

 

ཨོཾ་སྭསྟི།

རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི།    །

བླ་མ་རྩ་གསུམ་རྒྱལ་བ་རྒྱ་མཚོ་ཡི།    །

ཐུགས་རྗེ་མཐུ་སྟོབས་བདེན་པའི་རྩལ་ཕྱུངས་ཏེ།    །

བཀྲ་ཤིས་ངོ་མཚར་མེ་ཏོག་ཆར་དུ་བསྙིལ།    །

 

ཀརྨ་པ་ཡི་བསྟན་འཛིན་ཁྱུ་མཆོག་ཆེ།    །

བྱམས་ཆེན་དངོས་སྣང་པདྨ་དབང་ཆེན་གྱི།    །

ཟློས་གར་མཐོང་བ་དོན་ཡོད་སྤྲུལ་པའི་སྐུ།    །

ཉིན་བྱེད་དབང་པོ་བཞིན་དུ་ཞབས་བརྟན་གསོལ།    །

 

མཁས་བཙུན་བཟང་པོའི་རྣམ་ཐར་ཡོངས་རྫོགས་ནས།    །

ངེས་དོན་གྲུབ་པ་ཡོངས་ཀྱི་རྗེ་བོར་གྱུར།    །

མདོ་སྔགས་ཟབ་དོན་སྨྲ་བའི་སེངྒེ་ཆེ།    །

ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བཞུགས་གསོལ།    །

 

ཕྱི་ནང་བར་ཆད་བདུད་སྡེའི་གཡུལ་ལས་རྒྱལ།    །

འཆི་མེད་ཚེ་དང་མཁྱེན་སྟོབས་རབ་རྒྱས་ཤིང་།    །

སྲིད་ཞིའི་དགེ་མཚན་དབང་དུ་འདུ་བ་དང་།    །

དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པར་ཤོག  །

 

ཅེས་པའང་སངས་རྒྱས་མཉན་པ་རིན་པོ་ཆེའི་བཀའ་སྩལ་སྤྱི་བོར་མཆོད་དེ་དབོ་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་༢༣ལ་བཀའ་འབང་གི་གྲལ་མཐར་འཁོད་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཞབས་བརྟན་གསོལ་སྨོན་དུ་བྲིས་པ་དེ་བཞིན་འགྲུབ་པར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ།  སརྦ་མངྒ་ལཾ།།    །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཏའི་སི་ཏུ་རིན་པོ་ཆེ།

Further information:

BDRC Author Profiles: P733 P855

Download this text:

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept