The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Lady Yeshe Tsogyal—Tibetan

English | བོད་ཡིག

༄༅། །ཨ་མ་ཇོ་མོ་མཚོ་རྒྱལ་གྱི་གསོལ་འདེབས།

 

ཨ་མ་ཇོ་མོ་མཚོ་རྒྱལ་ལ་གསོལ་བ་འདེབས་སོ། །

རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་རློབས་ཤིག །

 

མ་གཅིག་བཀའ་དྲིན་ཅན་ལ་གསོལ་བ་འདེབས་སོ། །

བདེ་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས་བྱིན་གྱིས་རློབས་ཤིག །

 

རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ་གསོལ་བ་འདེབས་སོ། །

དབྱིངས་ཕྱུག་ཡེ་ཤེས་ཌཱ་ཀིས་བྱིན་གྱིས་རློབས་ཤིག །

 

རྗེ་བཙུན་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས་སོ། །

རྗེ་བཙུན་ཨརྱ་ཏཱ་རེས་བྱིན་གྱིས་རློབས་ཤིག །

 

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། །

དབྱིངས་ཡུམ་རིགས་ལྔའི་རྣམ་འཕྲུལ། །

མཁར་ཆེན་གཟའ་ཡི་མཚོ་རྒྱལ། །

འཕགས་མ་དབྱངས་ཅན་སྤྲུལ་པ། །

ཁྱེད་ལ་གསོལ་བ་འདེབས་སོ། །

 

ཌཱ་ཀི་འབུམ་སྡེའི་གཙོ་མོ། །

གུ་རུའི་ཐུགས་ཀྱི་གཟུངས་མ། །

གསང་ཆེན་བཀའ་ཡི་སྡུད་པོ། །

བོད་ཁམས་སྐྱོབས་པའི་ཨ་མ། །

མ་ཅིག་དྲིན་མོ་ཆེ་ལ་གསོལ་བ་འདེབས་སོ། །

 

གང་འདུལ་སྐུ་ཡི་སྣང་བས། །

བདག་ལ་བྱིན་གྱིས་རློབས་ཤིག །

 

མ་དག་རྩ་ཡི་དྲྭ་བ། །

དག་པ་རྡོ་རྗེའི་སྐུར་སྨིན། །

ཁྱོད་དང་དབྱེར་མེད་ཤོག་ཅིག །

 

འགྲོ་འོང་རླུང་གི་རྒྱུ་བ། །

དྷཱུ་ཏིའི་དབྱིངས་སུ་དེངས་ནས། །

མི་ཤིག་ནཱ་དའི་གསུང་མཆོག །

ངག་ནི་རྡོ་རྗེའི་གསུང་དབྱངས། །

འཕགས་མས་རང་སྐུར་སྨིན་མཛོད། །

 

འཕོ་བཅས་ཐིག་ལེའི་ཚོགས་རྣམས། །

གཞོམ་བྲལ་བདེ་ཆེན་སྐུར་སྨིན། །

སྒྲིབ་བྲལ་ཆོས་ཀྱི་སྐུ་རུ། །

མངོན་སུམ་ཉིད་དུ་སྨིན་མཛོད། །

 

ཀུན་གཞིའི་སྒྲིབ་ཆ་ཕྲ་བའི། །

ལས་རླུང་སྲོག་གི་གཡོ་བ། །

རྡུལ་བྲལ་རྡོ་རྗེའི་ནམ་མཁར། །

མི་གཡོ་མཆོག་ཏུ་བཅིངས་པས། །

ངོ་བོ་ཉིད་ཀྱི་སྐུ་རུ། །

སྨིན་ནས་དོན་གཉིས་ལྷུན་གྲུབ། །

 

རིག་འཛིན་དྷཱ་ཀིའི་གཙོ་མོ། །

བདེ་མཆོག་ཧེ་རུ་ཀ་དཔལ། །

བདེ་སྟོང་སྒྱུ་མའི་གར་གྱིས། །

ས་གསུམ་ཀུན་ཏུ་ཁྱབ་ཅིང་། །

ནམ་མཁར་ཇི་སྲིད་བར་དུ། །

སྤྲུལ་པ་དཔག་ཏུ་མེད་པས། །

འགྲོ་བའི་དོན་གཉིས་འགྲུབ་པར། །

 

ཨ་མ་ཐུགས་རྗེ་ཅན་གྱིས། །

མཁྱེན་བརྩེ་གློག་ལྟར་གྱུར་བས། །

བདག་ལ་ཐུགས་རྗེས་གཟིགས་ནས། །

སྐལ་ལྡན་སྒྲུབ་པོ་ཚེ་འདིར། །

འཆི་མེད་རིག་འཛིན་བརྙེས་པ།

 

ཡུམ་ཆེན་ཁྱོད་ཀྱིས་བྱིན་གྱིས་རང་རློབས་ཤིག །

མ་གཅིག་བཀའ་དྲིན་ཅན་ཁྱོད་མཁྱེན་ནོ། །

 

ཅེས་པའང་མེ་ཁྱི་སྤྲེལ་ཟླའི་ཚེས་དགུ་ལ་པདྨ་ཡེ་ཤེས་རྡོ་རྗེས་བྲིས་པའོ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ཡེ་ཤེས་མཚོ་རྒྱལ།

This website uses cookies to collect anonymous usage statistics and enhance the user experience.
Decline
Accept