Prayer to Reverend and Noble Tārā—Tibetan

Deities › Tārā | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

སྒྲོལ་མ།

༄༅། །རྗེ་བཙུན་འཕགས་མ་སྒྲོལ་མའི་གསོལ་འདེབས་བཞུགས།

 

བླ་མ་རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །

ཐུགས་རྗེ་ཆེན་པོས་རྗེས་སུ་དགོངས་མཛད་ལ། །

བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །

ལས་ངན་སྒྲིབ་དག་ཚོགས་གཉིས་རྫོགས་པ་དང་། །

བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་འབྱོངས། །

བདེན་གསུང་སྟོང་དང་རྟེན་འབྱུང་སེང་གེའི་སྒྲས། །

ཡང་དག་ལྟ་བས་གངས་རིར་ཁྱབ་པ་དང་། །

རྣམ་མཁྱེན་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །

 

དེ་མ་ཐོབ་ཀྱི་ཚེ་རབས་ཐམས་ཅད་དུ། །

དལ་དང་འབྱོར་པའི་རྟེན་མཆོག་བཟང་པོ་རྙེད། །

ཚེ་བསོད་དཔལ་འབྱོར་བློ་གྲོས་རབ་འཕེལ་ཞིང་། །

ཡ་རབ་དྲྭ་མའི་ངང་ཚུལ་ལ་གནས་པའི། །

རིགས་བརྒྱུད་བུ་ཚ་འཕེལ་ཞིང་ཆོས་ནོར་གྱིས། །

ལུགས་གཉིས་དཔལ་གྱི་འབྱོར་པར་རྒྱས་པར་མཛོད། །

 

འཇིགས་ཆེན་བརྒྱད་དང་བཅུ་དྲུག་ལ་སོགས་པ། །

མི་མཐུན་གནོད་པའི་ཚོགས་རྣམས་ཞི་བ་དང་། །

འཕགས་མ་ཁྱེད་ཉིད་དྲན་པ་ཙམ་གྱིས་ཀྱང་། །

འདོད་རྒུའི་བསམ་པ་ཡིད་བཞིན་འགྲུབ་པ་དང་། །

བཀྲ་ཤིས་དགེ་ལེགས་དབྱར་མཚོ་ལྟར་རྒྱས་ཤིང་། །

གང་བསམ་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག །

 

ཡུལ་ཕྱོགས་འདིར་ཡང་དུས་ཀྱི་རྒུད་པ་ཞི། །

བདེ་སྐྱིད་ཀུན་དགའི་རྫོགས་ལྡན་གསར་དུ་རྒྱས། །

སྐྱེ་རྒུ་རྣམས་ཀྱང་ཕུ་ནུ་ལྟར་མཐུན་ཞིང་། །

རྟག་ཏུ་མཆོག་གསུམ་བླ་མར་འཛིན་པར་ཤོག །

 

ཅེས་པ་འདིའང་༧འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་གསུང་བྱིན་བརླབས་ཅན་ནོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept