Red Tārā Sādhana—Tibetan

Deities › Tārā | Practices › Sādhanas | Practices › Magnetizing | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

༄༅། །སྒྲོལ་མ་དམར་མོའི་སྒྲུབ་ཐབས་ཁམས་གསུམ་མྱུར་འགུགས་ཞེས་བྱ་བ་བཞུགས་སོ།།

 

ན་མཿཏཱ་རཱ་བྷཊྚ་ར་ཀ་ཡ།

སྒྲོལ་མ་དམར་མོའི་སྒྲུབ་ཐབས་ཁམས་གསུམ་མྱུར་འགུགས་ཀྱི་སྒྲུབ་ཐབས་ནི།  རྗེས་གནང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལྡན་པས་སྟན་བདེ་བ་ལ་འཁོད་དེ།  མདུན་མཁར་སྐྱབས་ཡུལ་བསྒོམ་ལ།

བདག་སོགས་འགྲོ་ཀུན་བྱང་ཆུབ་བར།  །

དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།  །

འགྲོ་ལ་ཕན་པ་བསྒྲུབ་པའི་ཕྱིར།  །

སྒྲོལ་མ་དམར་མོ་བསྒོམ་པར་བགྱི།

ལན་ཅི་ནུས་དང་།

སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ།  །

བདེ་ཐོབ་བཏང་སྙོམས་ལ་གནས་ཤོག  །

ཨོཾ་སྭཱ་བྷ་ཝས་སྦྱངས།

སྟོང་པའི་ངང་ལས་བྃ་ཡིག་དང་།  །

པདྨ་དམར་པོའི་ཟེའུ་འབྲུའི་སྟེང་།  །

ཨཱཿལས་ཟླ་བའི་གདན་སྟེང་དུ།  །

ཨུཏྤལ་དམར་པོ་ཧྲཱིཿདམར་མཚན།  །

འོད་འཕྲོས་འཕགས་མཆོད་སྡིག་སྒྲིབ་སྦྱངས།  །

ཚུར་འདུས་རང་ཉིད་སྒྲོལ་མ་དམར།  །

ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ།  །

ཕྱག་གཡས་ལྕགས་ཀྱུ་གཡོན་ཞགས་པ།  །

བཅུ་དྲུག་ལོན་པའི་ན་ཚོད་ཅན།  །

དར་དང་རིན་ཆེན་རྒྱན་གྱིས་བརྒྱན།  །

སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།  །

གནས་གསུམ་ཨོཾ་ཨཱཿཧཱུྃ་རྣམས་དང་།  །

ཐུགས་ཀར་ཧྲཱིཿཡིག་དམར་པོ་ལས།  །

འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས།  །

ཛཿཧཱུྃ་བྃ་ཧོ་དབྱེར་མེད་ཐིམ།  །

འོད་འཕྲོས་དབང་ལྷ་མདུན་མཁར་བཞུགས།  །

དབང་བསྐུར་སྒྲིབ་དག་རིགས་ཀྱི་བདག  །

འོད་དཔག་མེད་པས་དབུར་བརྒྱན་གྱུར།  །

ལྷ་ཡི་གསལ་སྣང་ལ་སེམས་གཅིག་ཏུ་བཟུང་།

དེས་སྐྱོ་ན་བཟླས་པ་བྱ་བ་ནི།

ཐུགས་ཀར་ཨུཏྤལ་དམར་པོའི་སྟེང་།  །

ཟླ་བ་ལ་གནས་ཧྲཱིཿདམར་མཐར།  །

སྔགས་ཕྲེང་ཁ་དོག་དམར་པོས་བསྐོར།  །

འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱི།  །

བྱིན་རླབས་ཐམས་ཅད་དབང་དུ་བྱས།  །

ཁམས་གསུམ་སྐྱེ་འགྲོ་ཐམས་ཅད་དང་།  །

གང་འདོད་དཔལ་འབྱོར་འོད་དམར་གྱི།  །

རྣམ་པར་བསྡུས་ནས་སྔགས་ཕྲེང་ལ།  །

ཐིམ་པས་དབང་དུ་བྱས་པར་བསམ།  །

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སཾ་ཏཱ་རེ་ཏཱ་ར་ཎི་ཧྲཱིཿསྭཱ་ཧཱ།

ཅི་རིགས་བཟླ།  ཐུན་བསྡུ་ཁར་ཡེ་ཤེས་བ་མདུན་གྱི་ནམ་མཁར་བཞུགས་པ་ལ་དམིགས་ཏེ།

ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨོཾ་བཛྲ་པཱུཥྤེ་ཨཱཿཧཱུྃ།

སོགས་ནས།

ཤབྡ་བར་གྱིས་མཆོད།

ལྷ་དང་ལྷ་མིན་ཅོད་པན་སོགས་ཀྱིས་བསྟོད།

སྒྲོལ་མས་བདག་སོགས་སེམས་ཅན་གྱི།  །

སྣང་སེམས་དབང་དུ་སྡུད་པར་མཛོད།  །

ཡེ་ཤེས་པ་རྣམས་དབྱིངས་སུ་གཤེགས།  །

རང་གི་གནས་གསུམ་ཨོཾ་ཨཱཿཧཱུྃ།  །

དཀར་དམར་མཐིང་གས་མཚན་པར་གྱུར།  །

ཅེས་བརྗོད་དགེ་བ་བསྔོ།  །

 

ཅེས་པའང་བསྟན་པའི་སྦྱིན་བདག་ཆེན་པོ་ལ་དཀར་སྲས་མོ་རིགས་ལྡན་མ་དབང་མོ་དང་།  སྒྲོན་མ་ཟུང་ནས་འདི་འདྲ་ཞིག་དགོས་ཞེས་གསུང་བསྐུལ་ངོར།  ཆོས་ཀྱི་བློ་གྲོས་པས་བླ་མ་གོང་མའི་གསུང་ལས་བཏུས་ནས་སྦྱར་བའོ།  །བྷ་ཝ་ཏུ།  དགེའོ།  དགེའོ།  དགེའོ།།   །།

 

Vajrayāna Buddhism places restrictions on the reading and practice of certain texts, which are intended only for those who have received the requisite empowerments, transmissions and instructions.

If you are unsure as to whether you are entitled to read or practice a particular text please consult a qualified lineage-holder.

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept