Prayer to Ngawang Samten Lodrö—Tibetan

Practices › Prayers | Practices › Swift Rebirth Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | བོད་ཀྱི་བླ་མ།ངག་དབང་བསམ་གཏན་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

ངག་དབང་བསམ་གཏན་བློ་གྲོས།

Further information:
Download this text:

༄༅། །མཁན་ཆེན་ཝཱ་གིནྡྲ་ཆོས་དབྱིངས་ཞི་བ་ཆེན་པོར་གཞོལ་སྐབས་ཐུགས་དམ་བསྐུལ་བའི་གསོལ་འདེབས་གདུང་དབྱངས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ།    །

 

ན་མོ་གུ་རུ།

གཟོད་ནས་རྣམ་གྲོལ་བྱང་ཆུབ་མཆོག་བརྙེས་ཀྱང་།    །

གདུལ་བྱའི་འགྲོ་ལ་ལྷག་པར་ཐུགས་བརྩེ་བས།    །

དགེ་བའི་བཤེས་ཀྱི་རྣམ་པར་འཕྲུལ་པ་ཡིས།    །

བསྟན་འགྲོའི་དོན་ཆེན་མཛད་ལ་གསོལ་བ་འདེབས།    །

 

རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་གསང་བའི་བདག  །

སྙིགས་དུས་ངུར་སྨྲིག་འཆང་བའི་གཟུགས་སུ་བསྒྱུར།    །

སུམ་ལྡན་རྡོར་འཛིན་བྱེ་བའི་གཙུག་གི་རྒྱན།    །

ངག༵་དབ༵ང་བས༵མ་གཏན༵་བློ༵་གྲོས༵་ལ་གསོལ་བ་འདེབས།    །

 

དུས་དགྲའི་དབང་པོ་ཚར་པ་ཆོས་རྗེ་ཡི།    །

ཟབ་གསང་སྙན༵་བརྒྱུད༵་བསྟན༵་པའི༵་རྒྱལ༵་མཚ༵ན་ནི།    །

ཕྱོགས་བརྒྱར་སྒྲེངས་ལ་འགྲན་ཟླ་ཀུན་སྤངས་པ།    །

ཁམས་སྟོན་སངས་རྒྱས་རྒྱ་མཚོར་གསོལ་བ་འདེབས།    །

 

མཐུ་སྟོབས་ནུས་པའི་ཞུགས་ལྕེ་འབར་བ་ཡིས།    །

མ་རུངས་འབྱུང་པོའི་ཚོགས་རྣམས་ཐལ་བར་བརླག  །

བསྟན་འགྲོའི་དཔུང་གཉེན་ཆེན་པོ་རང་བྱུང་བ།    །

ཁྱབ་བདག་དཔལ་ལྡན་བླ་མར་གསོལ་བ་འདེབས།    །

 

དཀྱིལ་འཁོར་རྒྱ་མཚོའི་དེད་དཔོན་བླ་མ་རྗེ།    །

མཁྱེན་ནུས་བརྩེ་བ་འཇམ་དཔལ་དཔའ་བོ་དང་།    །

ཐ་དད་མ་མཆིས་རྡོ་རྗེའི་སྐུ་མཆོག་ལ།    །

སྐྱེ་འཆིའི་ཟུག་རྔུ་གཞར་ཡང་མ་མཆིས་ཀྱང་།    །

 

རྟག་འཛིན་བཟློག་པའི་གཉེན་པོར་གཟུགས་ཀྱི་སྐུའི།    །

སྤྲོས་པ་དབྱིངས་སུ་ཐིམ་པར་བསྟན་པའི་ཚེ།    །

མགོན་མེད་བདག་ནི་མ་རིག་མུན་པར་འཁྱམས།    །

ཐུགས་རྗེས་ངེས་པར་གཟིགས་ཤིག་བླ་མ་མཁྱེན།    །

 

བུ་ཡི་སྡུག་བསྔལ་ཕ་ཡིས་མ་སེལ་ན།    །

ཉེས་པ་སེལ་བྱེད་སྐྱབས་གཞན་སུ་ཞིག་ཚོལ།    །

ཀྱེ་མ་ཀྱི་ཧུད་བླ་མ་རྡོ་རྗེ་འཆང་།    །

སྙིང་ནས་དྲན་པའི་ཤུགས་ཀྱིས་གསོལ་བ་འདེབས།    །

 

ཆོས་དབྱིངས་མཁའ་ལ་སྤྲུལ་པའི་སྤྲིན་ཕུང་འཁྲིགས།    །

གསང་བ་གསུམ་གྱི་བྱིན་རླབས་གྲུ་ཆར་ཕོབས།    །

བདག་རྒྱུད་གསང་གསུམ་རྡོ་རྗེར་སྨིན་པར་མཛོད།    །

བླ་མ་སྐུ་བཞིའི་འབྲས་བཟང་དངོས་གྲུབ་སྩོལ།    །

 

གང་འདུལ་སྤྲུལ་པ་དཔག་ཡས་རབ་སྟོན་ནས།    །

བསྟན་དང་འགྲོ་བའི་དོན་གཉིས་རླབས་ཆེན་སྒྲུབ།    །

བདག་སོགས་སློབ་འབངས་དམ་ཚིག་རྣམ་པར་དག  །

བླ་མ་མཆོག་དང་ནམ་ཡང་མི་འབྲལ་ཤོག  །

 

རང་ཉིད་ཀྱིས་དད་མོས་དྲག་པོས་མཚམས་སྦྱར་ཏེ་གསོལ་བ་འདེབས་པ་འདི་ཡང་མགོན་པོ་དེ་ཉིད་ཀྱི་འབངས་ཀྱི་ཐ་ཆུང་མཁྱེན་བརྩེའི་ཕྲིན་ལས་ཀྱི་སྤྲུལ་མིང་འཛིན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པ་སིདྡྷི་རསྟུ།  མངྒ་ལཾ།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept