Guru Yoga of Śavari—Tibetan

Practices › Guru Yoga | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། | འཕགས་ཡུལ་གྱི་སྐྱེས་བུ་དམ་པ།རི་ཁྲོད་ཞབས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

རི་ཁྲོད་ཞབས།

Further information:
Download this text:

༄༅། །ཤ་བཱ་རི་པའི་བླ་མའི་རྣལ་འབྱོར།

 

ཨཱཿ ཆོས་རྣམས་སྟོང་པའི་ངང་ཉིད་ལས། །

པད་ཟླ་རི་དྭགས་པགས་པའི་སྟེང་། །

གྲུབ་པའི་དབང་ཕྱུག་ཤ་ཝཱ་རི། །

དཀར་སྨུག་རས་ཀྱི་སྨད་གཡོག་དང་། །

མེ་ཏོག་ཕྲེང་བའི་རྒྱན་གྱིས་སྤྲས། །

དབུ་སྐྲ་ཐོར་ཅོག་ཆུང་ངུ་ལ། །

ལྷག་མ་གཡས་གཡོན་རིང་དུ་འཕྱང་། །

ཨུཏྤལ་ཕྲེང་བའི་རྩ་ཆིངས་ལ། །

དཔྲལ་བར་ཐོད་སྐམ་གཅིག་གིས་བརྒྱན། །

ཤ་བའི་རོ་ནི་ཕྲག་གཡོན་བཀལ། །

གཡས་པས་མདའ་དང་གཡོན་པས་གཞུ། །

ཞབས་གཉིས་པུས་གཡས་གྱེན་དུ་བསླངས། །

གཡོན་པ་གདན་ལ་བརྟེན་བྱས་ཤིང་། །

དཔྲལ་བར་བླ་མ་རྡོ་རྗེ་འཆང་། །

མཐིང་གསལ་རྡོར་དྲིལ་ཡུམ་དང་སྦྱོར། །

མགྲིན་པར་སྤྱན་རས་གཟིགས་དབང་དཀར། །

སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཅན། །

ཐུགས་ཀར་འཁོར་ལོ་སྡོམ་པ་སྔོ། །

མཐིང་ནག་རྡོ་རྗེ་དྲིལ་བུ་བསྣམས། །

ཕག་མོ་ཡུམ་དང་གཉིས་མེད་འཁྲིལ། །

ལྟེ་བར་སྒྲོལ་མ་ཁྲོ་གཉེར་ཅན། །

མཆོག་སྦྱིན་རལ་གྲི་ཨུཏྤལ་བསྣམས། །

གསང་བར་ཡེ་ཤེས་མགོན་པོ་མཐིང་། །

ཞལ་གཅིག་ཕྱག་དྲུག་པད་ཉི་དང་། །

ཚོགས་ཀྱི་བདག་པོའི་སྟེང་ན་ཞུགས། །

གནས་གསུམ་ཡིག་འབྲུ་གསུམ་ལས་ནི། །

འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ། །

དབང་ལྷས་དབང་བསྐུར་རིགས་ཀྱི་བདག །

འོད་དཔག་མེད་པས་དབུར་རྒྱན་གྱུར། །

 

ལས་ཀྱི་རིམ་པར་སྤྱན་འདྲེན་ནི།

ཧྲཱི་ཕཻ། འོག་མིན་ཆོས་དབྱིངས་ཞིང་ཁམས་དང་། །

ལོངས་སྤྱོད་རྫོགས་དང་སྤྲུལ་པའི་ཞིང་། །

གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས། །

གྲུབ་པའི་དབང་ཕྱུག་ཤ་ཝཱ་རི། །

མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས། །

གདུགས་དང་རྒྱལ་མཚན་ཐིབས་སེ་ཐིབ། །

རོལ་མོ་མང་པོའི་སྒྲ་དང་བཅས། །

གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །

གཤེགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །

ཨོཾ་ཨེ་ཧྱེ་ཧི་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོ།

ཚོགས་བསགས་པ་ལ། རྒྱས་པར་ཡན་ལག་བདུན་པ་དང་། བསྡུ་ན་རྒྱུན་བཤགས་བྱས་ལ། སླར་ཡང་།

ཨོཾ་ཨཱ་ཧཱུྃ། རབ་འབྱམས་ཞིང་ཀུན་ཐམས་ཅད་ན། །

ཕྱི་ནང་གསང་བའི་མཆོད་པ་ནི། །

ཀུན་བཟང་རྣམ་རོལ་ལས་བྱུང་བ། །

འཛད་མེད་ནམ་མཁའ་མཛོད་ཀྱི་སྤྲིན། །

རིག་འཛིན་དཀྱིལ་འཁོར་ལྷ་ལ་འབུལ། །

ༀ་གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤབྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤརྴེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡ་ན་རཀྟ་བ་ལིཾ་ཏ་ཏ་ན་གྷ་ཎ་དྷརྨ་དྷ་ཏུ་པཱུ་ཛ་ཧོཿ

 

ཨེ་མ་མཆོད་པ་མཆོད་པ་ཆེ། །

འཁོར་འདས་མཉམ་ཉིད་བྱང་ཆུབ་སེམས། །

གཟུང་འཛིན་མཚན་མ་ལས་འདས་པ། །

དེ་ཁོ་ན་ཉིད་མཆོད་པའི་རྒྱལ། །

 

བསྟོད་པ་ནི།

ཨེ་མ་ཧོཿ གྲུབ་པའི་རིག་འཛིན་ཀུན་གྱི་རྗེ། །

སངས་རྒྱས་ཀུན་གྱི་རྣམ་པར་འཕྲུལ། །

པདྨ་གར་དབང་ཤ་ཝཱ་རི། །

གང་འདུལ་ཅིར་ཡང་བསྒྱུར་ལ་བསྟོད། །

ཡེ་ཤེས་རྒྱ་མཚོ་ཐུགས་མངའ་བ། །

བདག་མེད་སེང་གེའི་སྒྲ་དང་ལྡན། །

གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །

ཧེ་རུ་ཀ་དཔལ་ཁྱོད་ལ་བསྟོད། །

ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །

སེམས་དཔའ་རྡོ་རྗེ་དེ་རང་བཞིན། །

ཀུན་ཏུ་ཐོགས་མེད་སྤྱན་ལྡན་པ། །

གྲུབ་བརྒྱའི་འཁོར་ལོས་བསྒྱུར་ལ་བསྟོད། །

དེ་ལྟར་བསྟོད་པའི་གླུ་འདི་ནི། །

ཞིང་ཁམས་ཀུན་ཏུ་རབ་ཏུ་ཁྱབ། །

ཀུན་གྱི་མཐུན་པར་བསྒྲགས་པ་ཡི། །

བྱང་ཆུབ་རྡོ་རྗེ་ལ་འགོད་ཤོག །

གསལ་དག་བརྟན་པའི་ང་རྒྱལ་བྱ། །

 

བཟླས་དམིགས་ནི།

ལྷ་རྣམས་ཐུགས་ཀར་ཁྲོ་བོ་ལ་ཉི་མ། །ཞི་བ་རྣམས་ལ་ཟླ་བ། ཉི་ཟླ་ལ། །

སོ་སོའི་ས་བོན་སྔགས་ཀྱིས་མཚན། །

འོད་འཕྲོས་འཕགས་མཆོད་དོན་གཉིས་བྱ། །

སྣོད་བཅུད་བླ་མའི་དཀྱིལ་འཁོར་ཤར། །

 

ཨོཾ་ཨཱཿ་མ་ཧཱ་གུ་རུ་བཛྲ་དྷཱ་ར་སརྦ་སིདྡྷི་ཧཱུྃ༔

ཨོཾ་ཨཱཿལོ་ཀི་ཤྭ་ར་ཁ་སར་པ་ཎི་སརྦ་སིདྡྷི་ཧཱུྃ༔

ཨོཾ་ཨཱཿཧྲཱི་ཧ་ཧ་ཧཱུྃ་ཕཊ༔

ཨོཾ་སརྦ་བུདྡྷ་ཌཱ་ཀི་ནི་ཡེ་སྭཱ་ཧཱ༔

ཨོཾ་ཏ་རེ་ཏུཏྟ་རེ་ཏུ་རེ་ཧཱུྃ་ཕཊ་སྭཱ་ཧཱ༔

ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵིཾ་ཀྵེ་ཏྲ་བིགྷྣཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔

 

རྣམས་བཟླ་བར་བྱའོ། །དེ་རྣམས་ལས་རང་གང་མོས་པ་དེ་གཙོ་བོར་བཟླ་ཞིང་། དེ་ཡང་བླ་མ་ལས་བདུད་རྩི་འབེབས་སྦྱོང་གི་དབང་བཞི་བླངས་པའི་དམིགས་པ་དང་། ཐུགས་ཆེན་ལས་རིགས་དྲུག་གནས་སྦྱོངས། ཡི་དམ་བདེ་མཆོག་ལས་ཕོ་ཉ་གསུམ་གྱི་བྱིན་བསྡུ་དང་ཕྲ་ཐིག་གི་དམིགས་པ། སྒྲོལ་མ་ལས་ལས་བཞིའི་སྒྲུབ་པ་དང་། མཆོག་གི་བདེ་བ་ཆེན་པོ་སྒྲུབ་པ། མགོན་པོ་ལས་དྲག་པོའི་ཕྲིན་ལས་ཀྱི་དམིགས་པ་རྣམས་བྱའོ། །རྗེས་ཚོགས་མཆོད་ནི་སྤྱི་ཁྱབ་ལྟར་ལ། མཆོད་ཅིང་བསྟོད་དེ་ནོངས་པ་བཤགས།

 

སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ།

རང་ཕྱི་ནང་ལྷ་དང་བཅས་པ་སྟོད་སྨད་ནས་རིམ་བཞིན་བསྡུས་ཏེ་བདེ་མཆོག་འཁོར་ལོར་ཐིམ།

 

དེ་གསལ་བཞིན་པའི་ངང་སྤྲོ་ན་དྲིལ་བུ་རིམ་ལྔའི་རྫོགས་རིམ་སྒོམ། མི་སྤྲོ་ན།

དེ་ཡང་འོད་དུ་ཞུ་ནས་ཐིག་ལེ་སྔོ་དམར་འདྲེས་པ་རྒྱ་སྲན་ཙམ་དུ་གསལ་བ་རླུང་རིག་དབྱེར་མེད་དུ་གཏད་ལ་གཟུང་འཛིན་གྱི་རྟོག་པས་མ་བསླད་པ་ཅི་གནས་སུ་བཞག་མཐར་དེ་ཡང་དམིགས་མེད་སྟོང་ཆེན་གྱི་ངང་དུ་བཞག་གོ །

རྗེས་སྤྱོད་ལམ་ལ་འཇུག་པ་ན་ཅིར་སྣང་ཐམས་ཅད་སྟོང་གཟུགས་ཡེ་ཤེས་སྒྱུ་མའི་རྣམ་རོལ་དུ་ལམ་དུ་ཁྱེར་བར་བྱའོ། །

 

ཅེས་པའང་མེ་སྤྲེལ་སྨིན་ཟླའི་ཚེས་ལ་མ་ག་དྷཱའི་ཤར་ལྷོ་དུར་ཁྲོད་བསིལ་བའི་ཚལ་དུ་སོང་ནས་ཤ་ཝཱ་རི་པའི་སྒྲུབ་ཕུག་ཙནྡན་ཤིང་སྡོང་པོ་རྐང་གཅིག་པའི་དྲུང་དུ་ཉམས་ཀྱི་སྣང་བར་གྲུབ་ཆེན་དེ་ཉིད་ཀྱི་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པའི་རྐྱེན་གྱིས་གང་ཤར་གང་དྲན་དུ་མཉྫུ་དྷརྨ་མ་ཏིའམ་པདྨ་ཡེ་ཤེས་རྡོ་རྗེས་ཡི་གེར་བཏབ་པའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept