Aspiration for Sikkim—Tibetan

Practices › Aspiration Prayers | Places › Sikkim | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །སྦས་གནས་ཆེན་པོ་འབྲས་ལྗོངས་བདེ་བའི་སྨོན་ལམ་བདེ་སྐྱིད་རབ་འཕེལ་བཞུགས།

 

ན་མོ་གུ་རུ།

མཆོག་གསུམ་རྩ་གསུམ་སྐུ་གསུམ་ཀུན་འདུས་པ། །

མ་ལུས་འགྲོ་བའི་སྐྱབས་མགོན་པདྨ་འབྱུང་། །

བི་མ་བཻ་རོ་ཁྲི་སྲོང་མཚོ་རྒྱལ་སོགས། །

བཀའ་གཏེར་རིག་འཛིན་བརྒྱུད་པ་ཐམས་ཅད་དང་། །

ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་དང་། །

ནོར་ལྷ་གཏེར་གྱི་བདག་པོ་ལ་སོགས་པ། །

མཁྱེན་བརྩེ་ནུས་པའི་གཏེར་ལ་དབང་འབྱོར་བའི། །

སྐྱབས་ཀྱི་མཆོག་གྱུར་ཐམས་ཅད་དགོངས་སུ་གསོལ། །

 

འཛམ་གླིང་སྤྱི་དང་ཁྱད་པར་སྦས་པའི་ཡུལ། །

འབྲས་མོ་ལྗོངས་ཞེས་དཔལ་རི་པདྨ་འོད། །

ས་འདིར་འཕོས་པའི་སྒྲུབ་གནས་བྱིན་ཅན་ལ། །

མི་གཙང་ཉམས་གྲིབ་གོས་པ་སངས་གྱུར་ཅིག །

 

རྩ་གསུམ་ལྷ་རྣམས་གནས་འདིར་རྟག་བཞུགས་ནས། །

སྣོད་བཅུད་བཀྲ་ཤིས་རྡོ་རྗེའི་བྱིན་ཆེན་དབབ། །

ཡུལ་ལ་དགེ་བཅུ་སྡེ་བཞིའི་དཔལ་ཡོན་རྒྱས། །

སྲིད་ཞིའི་ཕྱྭ་གཡང་དྭངས་བཅུད་འགུགས་པར་མཛོད། །

 

ཆོས་ལྡན་རྒྱལ་པོའི་ཆབ་སྲིད་མངའ་ཐང་རྒྱས། །

རིགས་བརྒྱུད་འཕེལ་ཞིང་སྐུ་ཚེ་ཡུན་དུ་བརྟན། །

ཕ་རོལ་སྡང་དགྲ་གནོད་བྱེད་གདོན་བགེགས་རྣམས། །

ཐལ་བའི་རྡུལ་བཞིན་བརླག་པར་མཛད་དུ་གསོལ། །

 

ངེས་གསང་སྙིང་པོའི་བསྟན་པ་རབ་རྒྱས་ཤིང་། །

སྐྱེ་འགྲོ་ཐམས་ཅད་བྱམས་པའི་སེམས་དང་ལྡན། །

ཕན་ཚུན་ཕ་མ་ལྟ་བུའི་འདུ་ཤེས་ཀྱིས། །

ཡང་དག་དགེ་ལ་སྤྱོད་པར་མཛད་དུ་གསོལ། །

 

ཧེ་རུ་ཀ་དཔལ་ནམ་མཁའ་འཇིགས་མེད་སོགས། །

རྣལ་འབྱོར་མཆེད་བཞིས་ཇི་ལྟར་སྨོན་པ་བཞིན། །

གེགས་མེད་འགྲུབ་ཅིང་གུ་རུ་པདྨ་ཡི། །

ཐུགས་བསྐྱེད་བདེན་ཚིག་བསླུ་བ་མེད་པར་ཤོག །

 

ལྷ་མ་ཡིན་དང་ཡིད་སྲུབས་འགོང་པོ་ཡི། །

རྒྱུ་ལམ་བཅད་ནས་སྦས་ཡུལ་རིན་ཆེན་གྱི། །

བཀྲ་ཤིས་མཛོད་ཁང་འཇིགས་མེད་རྡོ་རྗེའི་གུར། །

རྟག་བརྟན་དགེ་ལེགས་སྣང་བའི་བཀྲ་ཤིས་ཤོག །

 

ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨོན་ཚིག་ཏུ་མེ་བྱ་ཟླ་ ༣ ཚེས་ལ་བླ་མ་དམ་པ་ངག་དབང་གྲགས་པ་ནས་བསྐུལ་ངོར་བྲིས་པའོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept