བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

སྒྲོལ་མ་ལ་བསྟོད་པ་དད་པའི་རྦ་རླབས།

English | བོད་ཡིག

༄༅། །སྒྲོལ་མ་ལ་བསྟོད་པ་དད་པའི་རྦ་རླབས་ཞེས་བྱ་བ་བཞུགས།

ཨོཾ་སྭ་སྟི། ཀ་མ་ལ་ལྟར་དཀར་བའི། །ཁ་བའི་ལྗོངས་ཀྱི་འཕགས་མཆོག །ག་ལེར་སེམས་ཅན་ལ་གཟིགས། །ང་བདག་འགོང་པོས་མནར་བ། །ཅ་ཅོའི་གདུང་བས་བཤམ་པས། །ཆ་ལུགས་ཁ་དོག་མཛེས་ཤིང་། །ཇ་བཞིན་ཀུན་ལ་ཁྱབ་པའི། །ཉ་བཞིན་ཐུགས་རྗེ་མྱུར་མ། །ཏ་རེ་འཕགས་མ་སྒྲོལ་མ། །ད་ལྟར་ཕྲིན་ལས་མཛད་བཞིན། །ན་བ་སོགས་ཀྱི་འཇིགས་སྐྱོབས། །པ་ལ་ཤ་ལྟར་འཇམ་ཞིང་། །ཕ་རོལ་ཚོགས་ཀུན་དབང་སྡུད། །བ་བཞིན་འདོད་པ་ཀུན་འཇོ། །མ་ལྟར་འགྲོ་བར་བྱམས་མ། །ཙ་ར་ལྟ་བུའི་ཚད་སོལ། །ཚ་གྲང་སྐད་ཅིག་འཇོམས་མ། །ཛ་ལང་གདུག་པའི་སེམས་ལྡན། །ཝ་སྐྱེས་དགྲ་གདོན་བརླག་ཅིང་། །ཞ་འཁུམ་ཅན་རྣམས་སྒྲོལ་མ། །ཟ་མ་ཙམ་ཡང་མི་གཡེལ། །འ་འུར་སྤྲོས་པར་རབ་ཞི། །ཡ་མཚན་ཅན་གྱི་ལྷ་མོ། །ར་མ་ཎ་ཡི་བཅས་བཞིན། །ལ་འཕྲད་ཆུ་སོགས་ཀུན་ནས། །ཤ་བ་ལྟ་བུར་བསྒྲོད་དུས། །ས་ལྟར་བརྟན་པའང་གསོལ་འདེབས། །ཧ་ཧ་ཧཱུྃ་ཧཱུྃ་སྒྲ་ཡིས། །ཨ་དོན་སྐྱེ་མེད་རྟོགས་པར། །བླ་མ་སྒྲོལ་མས་བྱིན་རློབས། །ཅེས་པའང་ཤིང་བྱི་ཟླ་ ༤ ཚེས་ ༤ ལ་ཆོས་ཀྱི་བློ་གྲོས་བས་གསོལ་བ་བཏབ་པའོ།། །།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Ārya Tārā

This website uses cookies to collect anonymous usage statistics and enhance the user experience.
Decline
Accept