Train Aspiration—Tibetan

Practices › Aspiration Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །སྨོན་ལམ།

 

བླ་མ་ལ་ཕྱག་འཚལ་ལོ།

 

ཕྱོགས་བཅུ་དུས་གསུམ་ཀུན་ན་བཞུགས་པ་ཡི། །

རྩ་གསུམ་རྒྱལ་བ་རྒྱ་མཚོ་དགོངས་སུ་གསོལ། །

བདག་གི་ཇི་ལྟར་བརྩམ་པའི་སྨོན་ལམ་འདི། །

གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །

 

ཐུབ་པའི་དབང་པོ་མགོན་པོ་འཇམ་དབྱངས་དང་། །

མ་ཕམ་ཕྱག་རྡོར་བྱམས་པ་ལ་སོགས་པ། །

རྒྱལ་དང་དེ་སྲས་སེམས་དཔའ་ཆེ་རྣམས་དང་། །

ས་ར་ཧ་དང་ཀླུ་སྒྲུབ་ཐོགས་མེད་སོགས། །

འཛམ་གླིང་མཛེས་པའི་ཤིང་རྟ་ཆེ་རྣམས་དང་། །

པད་འབྱུང་བི་མ་བཻ་རོ་ཆོས་རྒྱལ་དང་། །

རྨ་གཉག་སྐ་ལྕོགས་ཇོ་བོ་ཨ་ཏི་ཤ །

རིན་བཟང་རྔོག་ལོ་ཆེན་པོ་ལ་སོགས་པ། །

མཁས་དང་གྲུབ་པ་རྒྱ་མཚོའི་ཚོགས་རྣམས་ནི། །

འཕགས་བོད་རིམ་པར་བྱོན་པས་ལེགས་པར་གསུང་། །

བཤད་དང་སྒྲུབ་པས་བཀྲལ་བར་མཛད་པ་ཡི། །

མདོ་སྔགས་བཀའ་དང་བསྟན་བཅོས་མན་ངག་རྣམས། །

མ་ནོར་ཇི་བཞིན་ཐོས་བསམ་བསྒོམ་པ་ཡིས། །

རྒྱལ་བའི་བསྟན་ལ་བྱ་བ་བྱེད་པར་ཤོག །

 

ངེས་འབྱུང་ཚུལ་ཁྲིམས་ཁང་བཟང་ཉམས་དགའ་བར། །

གཞན་ཕན་བྱང་ཆུབ་སེམས་ཀྱི་ནོར་གྱིས་ཕྱུག །

གསང་སྔགས་རྡོ་རྗེ་ཐེག་པའི་རྒྱལ་མཚན་བསྒྲེངས། །

སྡོམ་གསུམ་ལྡན་པས་ནོར་འཛིན་ཁྱབ་པར་ཤོག །

 

ས་སྟེང་ཐམས་ཅད་དགེ་འདུན་སྡེ་གཉིས་ཀྱིས། །

གང་ཞིང་དེ་དག་ཀུན་ཀྱང་ཐུགས་མཐུན་པས། །

སྤང་དང་ཀློགས་པའི་བྱ་བར་བརྩོན་པ་དང་། །

བདེ་གཤེགས་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །

 

བསྟན་ལ་འཁུ་བའི་ལྷ་མིན་ཀླ་ཀློ་ཡི། །

བསམ་སྦྱོར་ངན་པའི་གདུག་རྩུབ་རྒྱུན་ཆོད་ཅིང་། །

རིགས་ལྡན་དྲག་པོ་འཁོར་ལོ་ཆེན་པོ་ཡི། །

ཐུགས་རྗེའི་ཤུགས་ཀྱིས་གཡུལ་ལས་རྣམ་རྒྱལ་ཤོག །

 

ཡངས་པའི་རྒྱལ་ཁམས་ཐམས་ཅད་དགེ་བཅུའི་འབྱོར། །

མི་མཐུན་དུས་ཀྱི་མུན་པ་ཀུན་ཞི་ནས། །

བདེ་དང་དགེ་ལེགས་བརྒྱ་ཕྲག་སྣང་བ་ཡི། །

སྐྱིད་པའི་ཉི་མ་གཞོན་ནུ་འཆར་བར་ཤོག །

 

བདག་ལ་འབྲེལ་ཐོགས་ཐམས་ཅད་སྡིག་སྒྲིབ་དང་། །

སྡུག་བསྔལ་ཞི་ནས་ཚེ་བསོད་ཡེ་ཤེས་རྒྱས། །

བྱང་ཆུབ་མཆོག་གི་གོ་འཕང་ཐོབ་པ་དང་། །

ཟག་མེད་ཡོན་ཏན་རྒྱ་མཚོར་དབང་འབྱོར་ཤོག །

 

ཅེས་པའང་འཕགས་ཡུལ་ཏ་སི་པུར་རི་ལིའི་འཕྲུལ་འཁོར་ལ་གནས་བཞིན་བྲིས་པའོ། །དགེ་ལེགས་འཕེལ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept