The Home of Tibetan Buddhist Texts in Translation
ISSN 2753-4812
ISSN 2753-4812

Prayer to Tsultrim Zangpo—Tibetan

English | བོད་ཡིག

༄༅། །རྗེ་གྲུབ་མཆོག་ཚུལ་ཁྲིམས་བཟང་པོར་གསོལ་འདེབས།

 

ཨོཾ་མ་ཎི་པདྨེ་ཧཱུྃ།

ཨོཾ་གྱི་རང་བཞིན་ཡེ་ཤེས་ལྔ་ལྡན། །

སངས་རྒྱས་སྐུ་ལྔ་འདུས་པའི་བདག་ཉིད། །

བླ་མ་གྲུབ་མཆོག་ཚུལ་ཁྲིམས་བཟང་པོར། །

སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་རློབས། །

ལས་ངན་སྡིག་སྒྲིབ་དག་པར་གྱུར་ཅིག །

 

མ་ནི་སྙིང་རྗེས་འགྲོ་བ་ཀུན་ལ། །

བུ་གཅིག་ལྟར་བརྩེ་སྤྱན་རས་གཟིགས་དབང་། །

ཐུགས་རྗེ་ཆེན་པོ་ཚུལ་ཁྲིམས་བཟང་པོར། །

སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་རློབས། །

རིགས་དྲུག་སྡུག་བསྔལ་མཚོ་ལས་དྲོངས་མཛོད། །

 

ཎི་ནི་འཁོར་འདས་མཉམ་པ་ཉིད་བརྡལ། །

ཆོས་ཀུན་དུ་མ་རོ་གཅིག་གཟིགས་པའི། །

རྣལ་འབྱོར་དབང་ཕྱུག་ཚུལ་ཁྲིམས་བཟང་པོར། །

སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་རློབས། །

ཆོས་ཀུན་མཉམ་ཉིད་རྟོགས་པར་མཛོད་ཅིག །

 

པད་ནི་ཆགས་མེད་རྡུལ་དང་བྲལ་བར། །

ཆོས་ཀུན་མ་འདྲེས་སོ་སོར་རྟོགས་པའི། །

ཐམས་ཅད་མཁྱེན་གཟིགས་ཚུལ་ཁྲིམས་བཟང་པོར། །

སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་རློབས། །

སོ་སོ་རང་རིག་མངོན་གྱུར་མཛོད་ཅིག །

 

མེ་ནི་ཕྲིན་ལས་འབད་མེད་ལྷུན་གྲུབ། །

འགྲོ་བའི་རེ་འདོད་ཡིད་བཞིན་བསྐང་བ། །

དགོས་འདོད་ཀུན་འབྱུང་ཚུལ་ཁྲིམས་བཟང་པོར། །

སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་རློབས། །

གདུལ་བྱའི་རེ་སྐོང་ལྷུན་གྱིས་གྲུབ་མཛོད། །

 

ཧཱུྃ་ནི་གཟུང་འཛིན་གཉིས་མེད་ཡེ་ཤེས། །

སྒྲིབ་བྲལ་ནམ་མཁའི་དབྱིངས་ལྟར་ཟབ་པ། །

ཇི་བཞིན་གཟིགས་པའི་ཚུལ་ཁྲིམས་བཟང་པོར། །

སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་རློབས། །

ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་མཛོད། །

 

འདི་ནས་སྐྱེ་དང་ཚེ་རབས་ཀུན་ཏུ། །

བླ་མ་གྲུབ་མཆོག་ཚུལ་ཁྲིམ་བཟང་པོས། །

རྗེས་བཟུང་རང་གཞན་དོན་གཉིས་ལྷུན་གྲུབ། །

བྱམས་དང་སྙིང་རྗེ་འབྱོང་བར་བྱིན་རློབས། །

 

བདག་བས་གཞན་གཅེས་བྱང་ཆུབ་སེམས་མཆོག །

མྱུར་དུ་རྒྱུད་ལ་སྐྱེ་བར་གྱུར་ནས། །

འགྲོ་བའི་དོན་སྒྲུབ་བྱེད་ལ་མི་ངལ། །

མགོན་པོ་ཁྱེད་དང་མཚུངས་པར་བྱིན་རློབས། །

འགྲོ་དོན་མཁའ་ཁྱབ་འབྱུང་བར་བྱིན་རློབས། །

 

ཅེས་པའང་ཤིང་བྱ་ས་ཟླའི་ཚེས་༡༤ལ་འདིའི་རིག་གཏད་ཀྱི་དབང་སྒྲུབ་སྐབས་ཆོས་ཀྱི་བློ་གྲོས་པས་དད་ཅིང་གུས་པས་གསོལ་བ་བཏབ་པ་སིདྡྷི་བྷ་བཏུ།། །།

 

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

Avalokiteśvara

This website uses cookies to collect anonymous usage statistics and enhance the user experience.
Decline
Accept