Name Offering and Long-Life Prayer—Tibetan

Practices › Long-Life Prayers | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།

༄༅། །མཚན་འབུལ་དང་འབྲེལ་བའི་ཞབས་བརྟན་སྨོན་ཚིག

 

ཨོཾ་སྭསྟི།

རྩ་གསུམ་འདུས་ཞལ་ཨོ་རྒྱན་རྡོ་རྗེ་འཆང་།    །

བྱིན་རླབས་ཐུགས་རྗེའི་དགྱེས་ཞལ་འཛུམ་པ་ཡི།    །

བསྟན་འགྲོར་ཕན་བདེའི་བདུད་རྩིའི་དགའ་སྟོན་ནི།    །

སྐལ་བཟང་འགྲོ་ལ་སྟེར་མཁས་དེས་སྐྱོངས་ཤིག  །

 

མཁས་བཙུན་གྲུབ་པའི་གོ་འཕང་མཐོར་གཤེགས་ཀྱང་།    །

ཤིན་ཏུ་སྦས་པའི་ཚུལ་བཞུགས་ངུར་སྨྲིག་གི    །

རྒྱལ་བསྟན་ལེགས་འཛིན་བཤེས་གཉེན་བཀའ་དྲིན་ཅན།    །

མཁན་ཆེན་རིག་འཛིན་རྒྱ་མཚོ་དེ་ཉིད་ཀྱི།    །

ཐུགས་བསྐྱེད་སྨོན་ལམ་ས་བོན་སྨིན་པ་ལས།    །

གཅིག་ལས་དུ་མར་འཆར་བའི་རྣམ་རོལ་གྱི།    །

ཆ་ཤས་བསྟན་འགྲོར་སྨན་པའི་སྤྲུལ་པའི་སྐུ།    །

ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་རྒྱལ་གྱུར་ཅིག  །

 

སྐུ་ཚེ་ཡུན་བརྟན་བར་ཆད་འཕྲང་ལས་རྒྱལ།    །

གོང་མའི་རྣམ་ཐར་རྗེས་སུ་བསྙེགས་བྱས་ཏེ།    །

མཆོག་གསང་བསྟན་པ་སྤེལ་ལ་མཐུ་ལྡན་ཞིང་།    །

དོན་གཉིས་ཕྲིན་ལས་འབད་མེད་འགྲུབ་པར་ཤོག  །

 

ཅེས་པའང་དཔལ་ཀཿཐོག་རྡོ་རྗེ་གདན་གྱི་མཁན་པོ་བཀའ་དྲིན་ཟླ་མེད་ཐུབ་བསྟན་རིག་འཛིན་རྒྱ་མཚོ་ཞེས་ཧེ་པ་ཆོས་ཀྱི་འབྱུང་གནས་ཀྱི་སྤྲུལ་པར་གྲགས་པའི་མཁས་དབང་དམ་པ་དེ་ཉིད་ཞིང་གཞན་དུ་གཤེགས་ནས་བགྲང་བྱ་མང་དུ་ཐལ་ནའང་དམ་པའི་ཐུགས་རྗེ་འགོག་པ་མེད་པས་གསེར་ལྗོང་གི་སྟོད་འཇམ་མགོན་ལུང་ཞེས་པར་དཔལ་ཚེ་ཞེས་པའི་ཁྱིམ་དུ།  འཁྲུངས་པའི་བུ་མེ་སྟག་ལོ་པ་ཉིད་བསྟན་འགྲོར་ཕན་པའི་སྒོ་ཅན་ལས་ལྡན་ཡིན་པར་ངེས་ནས་དམ་པ་དེ་ཉིད་ཀྱི་སྐུ་སྐྱེར་མཚན་འབུལ་དང་།  བཀྲ་ཤིས་ཁ་བཏགས།  སྐུ་གསུང་ཐུགས་རྟེན།  ཆོས་གོས།  དངུལ་སྲང་བཅུ།  ཞལ་བུ་དངུལ་ཤན་བཅས་འཕགས་ནོར་བདུན་གྱི་གྲངས་ལྡན་ཕུལ་ཞིང་།  ད་ཆར་བླ་དགོན་གཞན་ལ་སྦྱིན་འཇོག་བྱ་མི་ཉན་ཅིང་།  ངོས་ནས་རིམ་པས་གསལ་ཆ་ཡོད་རྒྱུ་དེ་བར་གཙང་སྦྲ་དང་།  ཡི་གེ་སློབ་སྦྱངས་གལ་ཆེ་བས་དེ་བཞིན་ཐུགས་འཇོག་དགོས།  འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་པས་ཤིང་ཁྱི་ཟླ་ཚེས་ལ་རྒྱ་མཁར་ནས་བྲིས་པ་དགེ་ཞིང་བཀྲ་ཤིས།།    །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept