Consecrating Amṛta for Rigdzin Düpa—Tibetan

Collections & Cycles › Longchen NyingtikRigdzin Düpa | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

རིག་འཛིན་འདུས་པ།

༄༅། །རིག་འདུས་བདུད་རྩི་ཆིག་སྒྲུབ།

 

བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཕཊ྄་ཛཿ

བདག་གི་ཐུགས་ཀ་ནས་ཡེ་ཤེས་པ་ལོགས་སུ་བྱེ་སྟེ་མདུན་གྱི་རྟེན་དང་དབྱེར་མེད་དུ་བཞུགས་པ་ཡོངས་སུ་གྱུར་པ་ལས།

སྟོང་པའི་ངང་ལས་རླུང་མེ་དང་། །

ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་། །

ཨཱ་ལས་ཡེ་ཤེས་ཀ་པཱ་ལ། །

ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ། །

ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ། །

རིགས་ལྔ་ཡབ་ཡུམ་འབྲུ་བཅུས་མཚན། །

རླུང་གཡོས་མེ་སྦར་ཐོད་པ་དྲོས། །

བསྐོལ་ཞིང་འོད་དུ་ཞུ་བ་ལས། །

བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས། །

 

ཕོ་བྲང་གཞལ་མེད་ཉམས་དགའ་བ༔

གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔

བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའི༔

ཕྱི་ནང་ཟང་ཐལ་ཆེན་པོའི་དབུས༔

 

སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔

ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ༔

བདག་ཉིད་སངས་རྒྱས་ཀུན་གྱི་དངོས༔

སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔

ཞེས་སོགས་ནས་བསྟོད་པའི་བར་ལས་གཞུང་ལྟར་སོང་རྗེས། གཟུངས་ཐག་ནས་བཟུང་ལ།

རང་གི་ཐུགས་ནས་འོད་འཕྲོས་པས། །

མདུན་བསྐྱེད་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །

དེ་ལས་བདེ་སྟོང་རོལ་པ་ཡི། །

འོད་ཟེར་དཔག་ཡས་མཁའ་ཁྱབ་འཕྲོས། །

ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། །

རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས། །

ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ། །

གནས་གསུམ་དཔའ་བོ་རྣལ་འབྱོར་མའི། །

སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དང་། །

བརྟན་གཡོ་སྲིད་ཞིའི་དྭངས་བཅུད་ཀུན། །

བདེ་བ་ཆེན་པོའི་རྣམ་པར་བསྡུས། །

ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས། །

ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ལས། །

ཆར་ལྟར་བབས་ཏེ་བཅུད་ལ་ཐིམ། །

མཐོང་ཚོར་མྱོང་རེག་གྲོལ་བ་ཡི། །

ཡེ་ཤེས་བདུད་རྩི་ཆེན་པོར་གྱུར། །

བསྙེན་སྒྲུབ་ཀྱི་སྔགས་མཐར། །

ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ།

ཞེས་དགུ་པའི་ཛཔ྄་བཏགས་ལ་བཟླས་མཐར་མཆོད་བསྟོད་བྱ། དྲག་སྔགས་ཀྱིས་བགེགས་བསལ། བྱིན་འབེབས་ཀྱིས་གཟི་བྱིན་སྦར། ཚོགས་ཀྱི་འཁོར་ལོས་དགྱེས་པ་བསྐྱེད་པ་སོགས་ནས་ནོངས་བཤགས་པར་དཀྱུས་ལྟར།

མདུན་བསྐྱེད་ཀྱི་ལྷ་འོད་དུ་ཞུ་བ་ལས་མྱོང་གྲོལ་བདུད་རྩིའི་ཕུང་པོར་གྱུར། །

ཅེས་བརྗོད་ཅིང་བསམས་ལ་བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། བཀྲ་ཤིས་བྱའོ།། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept