བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་རྒྱུན་ཁྱེར་ཙིནྟཱ་མ་ཎིའི་སྙིང་པོ།

English | བོད་ཡིག

༄༅། །ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་རྒྱུན་ཁྱེར་ཙིནྟཱ་མ་ཎིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །

 

ན་མོ་གུ་རུ་མ་ཧཱ་ཀ་རུ་ཎི་ཀ་ཙིནྟཱ་མ་ཎི་ཙཀྲཱ་ཡ།

སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་གྱི་གསང་བ་རྨད་དུ་བྱུང་བ་ཐུགས་རྗེ་ཆེན་པོ་ཡིད་བཞིན་འཁོར་ལོའི་རྒྱུན་གྱི་རྣལ་འབྱོར་མདོར་བསྡུས་ཏེ་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །

 

དང་པོ་ནི།

ཚོགས་ཞིང་གསལ་བཏབ་ལ།

ན་མོ༔ མཆོག་གསུམ་ངོ་བོ་ཐུགས་རྗེ་ཅན༔

བླ་མར་བཅས་ལ་སྐྱབས་སུ་མཆི༔

འཁོར་བ་དོང་ནས་སྤྲུགས་པའི་ཕྱིར༔

ཡིད་བཞིན་འཁོར་ལོ་མྱུར་དུ་བསྒྲུབ༔

སྲས་བཅས་རྒྱལ་བ་འཁོར་བཅས་ལ༔

ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས༔

དགེ་ལ་ཡི་རང་ཆོས་འཁོར་བསྐོར༔

བཞུགས་གསོལ་དགེ་ཀུན་འགྲོ་ལ་བསྔོ༔

ཐམས་ཅད་མངོན་སངས་རྒྱས་གྱུར་ཅིག༔

ཅེས་སྐྱབས་སེམས་ཚོགས་བསགས་ལན་གསུམ་བྱ།

ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ༔

 

གཉིས་པ་ནི།

ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔

གདོད་ནས་སྟོང་པ་ཆེན་པོའི་ངང་༔

སྙིང་རྗེ་སྒྱུ་མ་རིག་པའི་རྩལ༔

ཧྲཱིཿཡིག་ཟླ་བ་ལྟ་བུར་ཤར༔

ཧྲཱིཿཡིག་འོད་ལས་གཞལ་ཡས་ཁང་༔

འཇའ་ཚོན་བྲེས་པ་ལྟ་བུའི་དབུས༔

པདྨ་ཉི་ཟླའི་གདན་གྱི་སྟེང་༔

རང་ཉིད་ཧྲཱིཿལས་སྤྱན་རས་གཟིགས༔

ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར༔

ཞལ་གསུམ་ཕྱག་བརྒྱད་འཛུམ་པའི་མདངས༔

གཡས་མཐིང་གཡོན་དམར་སྤྱན་དགུ་ལྡན༔

ཕྱག་བརྒྱད་དང་པོ་ཆོས་དབྱིངས་རྒྱ༔

རྡོ་རྗེ་རྩེ་ལྔ་གདེངས་ཏེ་འཛིན༔

དེ་འོག་ནོར་བུ་བུམ་པ་སྦྲེང་༔

དེ་འོག་པད་སྡོང་ཁ་ཊྭཱྃ་གསོར༔

ཐ་མས་ལྕགས་ཀྱུ་ཞགས་པ་བསྣམས༔

བཞེངས་སྟབས་དར་དང་རིན་ཆེན་བརྒྱན༔

འོད་ཟེར་འཇའ་ཚོན་འཕྲོ་བའི་ཀློང་༔

སངས་རྒྱས་བྱང་སེམས་རྒྱ་མཚོས་བསྐོར༔

དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔

ཐུགས་ཀར་པདྨ་ཟླ་བའི་སྟེང་༔

ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་མཚན༔

འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྐུལ༔

འགྲོ་བའི་སྒྲིབ་སྦྱངས་རེ་འདོད་བསྐངས་༔

ཚུར་འདུས་བདག་ལ་ཐིམ་པ་ཡིས༔

མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར༔

ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུྃ་ཕཊ྄༔

ཅེས་ལྷ་ཡི་གསལ་སྣང་དང་བཟླས་བརྗོད་ཀྱི་འཕྲོ་འདུ་ལ་རྩེ་གཅིག་ཏུ་སེམས་བཟུང་ནས་བཟླས་པ་ཇི་ལྟར་རིགས་པ་བྱ།

 

གསུམ་པ་ནི།

ཐུན་ལས་ལྡང་བ་ན།

དགེ་བ་འདི་ཡིས་མྱུར་དུ་བདག༔

ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས༔

འགྲོ་བ་གཅིག་ཀྱང་མ་ལུས་པ༔

དེ་ཡི་ས་ལ་འགོད་པར་ཤོག༔

 

འབད་དང་རྩོལ་བས་མ་གོས་པ༔

ཡིད་བཞིན་ནོར་བུ་དཔག་བསམ་བཞིན༔

སེམས་ཅན་རེ་བ་སྐོང་མཛད་པ༔

བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག༔

ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིག་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །

 

དེ་ལྟར་དུས་དང་རྒྱུན་དུ་ཉམས་སུ་བླངས་པའི་ཕན་ཡོན་ཀྱང་། གཞུང་ལས།

གནས་སྐབས་ཚེ་རིང་ནད་གདོན་ཞི༔
བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ༔
གར་གནས་ས་ཕྱོགས་བཀྲ་ཤིས་ཤིང་༔
སུ་དང་འགྲོགས་ཀྱང་འཁོན་རྩོད་མེད༔

དགེ་སྦྱོར་འཕེལ་ཞིང་རིགས་པ་དྭང་༔
མཐར་ཐུག་འཕགས་པའི་ཞིང་དུ་གྲོལ༔
དེ་ཕྱིར་པདྨའི་སྔགས་བརྒྱུད་རྣམས༔
འདི་ལ་ཐུགས་དམ་སྙིང་པོར་མཛོད༔

ཅེས་གསུངས་པ་ལྟར་ཤེས་པར་བྱའོ། །

 

ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་གཏེར་གཞུང་རྩ་བའི་དགོངས་པ་ཇི་ལྟ་བར་ངག་འདོན་བཀླག་ཆོག་ཏུ་བསྡེབས་པའི་དགེ་བས་འགྲོ་ཀུན་ཕན་བདེའི་འདོད་རྒུ་ཡིད་བཞིན་དུ་འབྱོར་བའི་རྒྱུར་གྱུར་ཅིག །སརྦ་དཱ་སུ་ཤྲེ་ཡ་སྶིདྡྷི་རསྟུ།། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Avalokiteśvara, Wish-fulfilling Wheel

གནས་ཚུལ་འཕར་མ།

BDRC Author Profiles: P258 P564

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept