བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།

English | བོད་ཡིག

༄༅། རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ།

 

ལྔ་པ་ལ། དངོས་དང་། ཞར་ལས་བྱུང་བའོ།

དང་པོ་ནི།

ཇི་སྐད་དུ།

སྤྱིར་ནི་རྟེན་བསྐྱེད་དགུག་བསྟིམ་དང་། །

དབང་བསྐུར་བརྟན་བཞུགས་བཞི་པོ་འདི། །

རབ་གནས་ཉིད་ཀྱི་ངོ་བོ་ཡིན། །

ཞེས་པའི་དོན་ལྟར་མདོར་བསྡུས་ཏེ་བྱ་བའི་ཚུལ། རྟེན་གྱི་མདུན་དུ་སྒྲུབ་དཀྱིལ་རྣམ་བུམ་བཅས། གཡས་སུ་མངའ་དབུལ་གྱི་མཎྜལ་དང་། ཞལ་ཟས་དང་གདུགས་སེར་པོས་བརྒྱན་པའི་མཐར་དཀར་མངར་ཤིང་ཏོག་སོགས་ཀྱིས་བསྐོར་བའི་ཙཱ་རུའི་བཟའ་བ། ཉེར་སྤྱོད་སོགས་མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་པ། གཡོན་དུ་བུམ་གདན་པདྨ་འདབ་བརྒྱད་ཀྱི་ཁར་ཁྲུས་བུམ་བཅུད་ལྡན། རང་གི་མདུན་དུ་རྡོར་དྲིལ་གུལ་ཡུངས་སྦྱོང་ཆས་སོགས་འོག་ཏུ་དགོས་པ་ཐམས་ཅད་འདུ་བྱ། བླ་མ་མཆོད་པའི་གཞུང་བསྲངས་ཏེ་བཟླས་པའི་མཇུག་ཏུ་རྣམ་བུམ་བསྒྲུབ། དེ་ནས་ཁྲུས་བུམ་བསང་སྦྱང་།

སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་བདུད་རྩིའི་བཅུད་ཀྱིས་གང་བའི་དབུས་སུ་སྔགས་ཀྱི་ཕྲེང་བ་འོད་ཟེར་ཀུན་ཏུ་འཕྲོ་བ་ལས།

དྲི་མ་སྦྱོང་བའི་མཐུ་ལྡན་གྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར།

ཅེས་བརྗོད་ཅིང་ཁྲུས་སྔགས་ཨ་བྷི་ཥེ་ཀ་ཅི་ནུས་སུ་བཟླ།

ལས་བུམ་དང་གུལ་ཡུངས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བརླབ། ཡན་ལག་བདུན་པ་དང་། ལམ་དབང་བླང་། དེ་ནས་སྦྱོང་ཆས་ལ་ཆབ་བྲན།

གཏོར་མ་གཡས་སུ་བསྐོར་ཞིང་ཨོཾ་སརྦ་བིགྷྣཱན་སོགས།

ཏིང་ལོ་དང་ཆང་བུ་གཡོན་དུ་བསྐོར་ཞིང་སུམྦྷ་སོགས།

ཧཱུྃ། དཀོན་མཆོག་གསུམ་དང་རྩ་གསུམ་འདུས་པའི་དངོས། །

བླ་མ་རྡོ་རྗེ་སེམས་དཔའི་བདེན་སྟོབས་ཀྱིས། །

ལྷག་གནས་ཆོ་ག་བགྱིད་ལ་བར་གཅོད་ཀུན། །

གཏོར་མ་འདི་ལོངས་རང་རང་གནས་སུ་དེངས། །

ཨ་མྲྀ་ཏ་དང་།

སུམྦྷ་སོགས་བརྗོད།

གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། གཏོར་མ་ཕྱིར་དོར།

སྤྲོ་ན་ཁྲུས་ཀྱི་ཁང་པ་སོགས་ཚིགས་བཅད་གཉིས་ཀྱིས་ཁྲུས་ཁང་བསྐྱེད་པ་དང་སྙན་གསན་དབབ།

ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །

ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །

རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །

མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །

 

དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །

རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །

ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །

རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །

རྟེན་གྱི་གཟུགས་བརྙན་ཁྲུས་བུམ་གྱི་ཆུས་བཀྲུ་ཞིང་།

ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །

དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །

ལྷ་ཡི་ཆུ་ནི་དག་པ་ཡིས། །

དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་དང་།

ཁྲུས་རས་ཀྱིས་ཕྱི་ཞིང་།

དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །

གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ།

དྲི་བཟང་གིས་བྱུགས་ཤིང་།

ཨོཾ་བཛྲ་གནྡྷེ་སྭཱ་ཧཱ།

ན་བཟའ་དང་རྒྱན་འབུལ་ལ།

དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །

ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །

གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །

རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །

ཨོཾ་བཛྲ་ཝ་སཏྲ་ཡ་སྭཱ་ཧཱ།

ཞེས་བརྗོད། སྤྲོ་ན་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་འཐོར།

དེ་ནས་རྟེན་བསང་སྦྱང་།

ཕྱི་ནང་ཆོས་ཀུན་སྟོང་པ་ཆེན་པོའི་ངང་། །

རབ་ཏུ་གནས་བྱའི་རྟེན་རྣམས་ཡོངས་གྱུར་ལས། །

གླང་པོས་མཚན་པའི་རིན་ཆེན་པད་ཟླའི་ཁྲིར་སོགས་ནས།

བཛྲ་ཏུ་ཥྱ་ཧོཿ

ཞེས་པའི་བར་གོང་ལྟར་ལ།

ཨོཾ་བཛྲཱི་བྷ་བ་སོགས་དབང་བསྐུར་གྱི་སྐབས་སུ་རྣམ་བུམ་འདེགས་ཤིང་བུམ་ཆུ་འཐོར། སྤྲོ་ན་ཡན་ལག་བདུན་པ་ཚང་བའམ། བསྡུ་ན་མཆོད་བསྟོད་མདོར་བསྡུས་བྱ། མིག་ཐུར་རམ་རྡོ་རྗེ་ཐོགས་ལ།

ཇི་ལྟར་མིག་མཁན་རྒྱལ་པོས་འཇིག་རྟེན་གྱི། །

རབ་རིབ་གསེར་གྱི་ཐུར་མས་བསལ་བ་ལྟར། །

སེམས་ཅན་རྣམས་ལ་གཟིགས་པ་ལྷུར་མཛད་ཕྱིར། །

ཡེ་ཤེས་སྤྱན་མཆོག་སྲི་ཞུས་དབྱེ་བར་བྱ། །

ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ།

ཞེས་ལན་གསུམ་གྱིས་སྤྱན་དབྱེ།

སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་དངོས་སམ་གཟུགས་བརྙན་ལ་རེག་ཅིང་སེ་གོལ་གྱི་སྒྲས་མཚོན་པས་ཡི་གེ་བརྒྱ་པའི་མཐར།

ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ལན་གསུམ་བརྗོད་པས།

བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་རྟེན་སོ་སོའི་རྣམ་པར་གྱུར་ཅེས་ཞལ་བསྒྱུར།

རྟེན་ལ་གཟུངས་ཐག་སེར་པོ་བཏགས་པའི་སྣེ་མོ་སློབ་དཔོན་གྱིས་བཟུང་ལ།

གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་གྱུར།

སུ་པྲ་ཏིཥྛ་དང་རྟེན་འབྲེལ་སྙིང་པོ་ཅི་ནུས་བཟླ།

མེ་ཏོག་གི་འབྲུ་རེ་རེ་ནས་རྟེན་འབྲེལ་སྙིང་པོའི་ཡིག་འབྲུ་གསེར་འོད་འབར་བའི་རྣམ་པར་གྱུར་པའི་མོས་པས་འཐོར་ཞིང་།

ཡེ་དྷརྨཱཿབརྗོད།

ཐལ་མོ་སྦྱར་བས་བཏུད་དེ།

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ།

ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ།

ཁྱད་པར་དུ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ།

བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །

ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ཅིང་བརྟན་བཞུགས་བྱ། མངའ་དབུལ་གྱི་སླད་དུ་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་མཎྜལ་ཕུལ་ལ།

ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །

རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །

སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །

འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །

ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ།

ཉེར་སྤྱོད་སོགས་ཕུལ་ལ།

ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ཇི་སྙེད་ན། །

དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་བའི། །

ཉེར་སྤྱོད་འདོད་ཡོན་རིན་ཆེན་རྣམ་བདུན་སོགས། །

མཆོད་པ་བླ་མེད་རྒྱ་ཆེན་རྣམས་ཀྱིས་མཆོད། །

ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ།

ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་བརྗོད།

བསྟོད་པས་མངའ་དབུལ་བའི་ཕྱིར་རྡོ་རྗེ་དྲིལ་བུ་འཛིན་པས།

སངས་རྒྱས་ཐམས་ཅད་འདུས་པའི་སྐུ་སོགས་དང་།

སངས་རྒྱས་ཐམས་ཅད་འདུས་པའི་གསུང༔

སངས་རྒྱས་ཐམས་ཅད་འདུས་པའི་ཐུགས༔

བདེ་གཤེགས་ཀུན་འདུས་ཐུགས་རྗེ་ཅན༔

 

མགོན་པོ་ཐུགས་རྗེ་ཆེ་ལྡན་པ་སོགས་ཤློ་ཀ་གསུམ་དང་།

ཐམས་ཅད་མཁྱེན་པ་སྟོན་པ་པོ། །

བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །

དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །

 

དག་པ་འདོད་ཆགས་བྲལ་བའི་རྒྱུ། །

དགེ་བས་ངན་སོང་ལས་གྲོལ་ཞིང༌། །

གཅིག་ཏུ་དོན་དམ་མཆོག་གྱུར་པ། །

ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །

 

གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །

བསླབ་པ་དག་ལ་རབ་ཏུ་གུས། །

ཞིང་གི་དམ་པ་ཡོན་ཏན་ལྡན། །

དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །

 

ཕྱག་བྱར་འོས་པ་ཐམས་ཅད་ལ། །

ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །

ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །

མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །

ཕྱག་བྱར་འོས་པ་སོགས་བརྗོད།

ཙཱ་རུའི་བཟའ་བས་མངའ་དབུལ་བའི་ཕྱིར། ཞལ་ཟས་ཆབ་ཀྱིས་བྲན་པ་བཏེག །

ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །

ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །

དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །

འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །

ལན་གསུམ།

བཀྲ་ཤིས་ཀྱིས་མངའ་གསོལ་བའི་ཕྱིར།

ཡེ་དྷརྨཱཿསོགས་དང་།

ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་གང་ཤེས་བརྗོད།

ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །

འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །

སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །

དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །

དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ། །

འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །

ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། །

དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །

དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང༌། །

དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱིས་གནས། །

ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །

དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག །

མེ་ཏོག་འཐོར། རོལ་མོའི་སྒྲ་སྙན་པར་སྦྱར། ཚོགས་མཆོད་གོང་ལྟར་དང་། ཆོས་སྲུང་སྐོང་བཤགས་སོགས་ཅི་འགྲུབ་བྱ་ཞིང་།

གང་ལྟར་ཡང་གཉེར་གཏད་ཀྱི་སླད་དུ་གཏོར་མ་བཤམས་ལ།

རྃ་ཡྃ་ཁྃ་གིས་བསང་སྦྱང་།

ཨོཾ་ཨཱཿཧཱུྃ་ཧོཿས་བརླབ།

རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་གནས་དང་གཞིའི་བདག་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་།

ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་གཏོར་མ་དབུལ།

དམ་ཚིག་གི་རྡོ་རྗེ་སྤྱི་བོར་རེག་པར་མོས་པས།

ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ྄་ཅེས་དམ་ལ་གཞག།

རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་རྣམས་ཀྱིས་རྟེན་འདི་རྣམས་ཀྱི་སྲུང་མ་དང་ཡོན་བདག་གྱིས་ལ་འདི་དག་དངོས་དང་དཀོར་ཆ་ལ་མི་སྲུན་པར་བགྱིད་པ་རྣམས་ལ་ཆད་པས་གཅོད་ཅིང་སྲུང་བ་དང་སྐྱོང་བའི་ཕྲིན་ལས་རྒྱུན་མི་འཆད་པར་མཛོད་ཅིག །

ཅེས་གཉེར་གཏད་པས་ཞལ་གྱིས་བཞེས་པར་བསམ། ཚོགས་ཀྱི་ལྷག་མ་ནས་ཉེར་བསྡུའི་བར་གོང་ལྟར་བྱས་ལ། ཡོན་བདག་བསྒོ་བར་འདོད་ནའང་འདིར་བྱ། གང་ལྟར་ཡང་ཙཱ་རུའི་བཟའ་བ་དང་ཚོགས་ཀྱི་ཞལ་ཟས་དགའ་སྟོན་དུ་རོལ། རྟེན་ལ་སླར་ཡང་མེ་ཏོག་དམ་པ་སོགས་ཤློ་ཀ་གསུམ་གྱིས་མཆོད།

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །

སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །

མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །

ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །

བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །

 

མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །

དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །

བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །

རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །

དེ་དག་བསྔགས་པ་སོགས་ཀྱིས་བསྟོད།

དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །

དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །

རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །

བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །

མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་མང་དུ་བཟླས་པས་ནོངས་པ་བཤགས།

མ་འབྱོར་པ་དང་ཉམས་པ་དང་། །

གཙོ་བོ་ནུས་པ་མ་མཆིས་པས། །

འདིར་ནི་བགྱི་བ་གང་བགྱིས་པ། །

དེ་ཀུན་མགོན་པོས་བཟོད་པར་མཛོད། །

མདོ་རྒྱུད་ལས་བྱུང་བའི་བསྔོ་སྨོན་གང་ཤེས་རྒྱ་ཆེར་བྱ་ཞིང་། བཀྲ་ཤིས་པའི་ཚིགས་སུ་བཅད་པས་མཐའ་བརྒྱན། ཕྲིན་ལས་གཞུང་གི་བསྔོ་སྨོན་དང་། བཀྲ་ཤིས་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ཚུལ་བཞིན་དུ་བྱའོ།།

གཉིས་པ་ཞར་ལས་བྱུང་བ་མྱོང་གྲོལ་རིལ་བུ་ལྷག་པར་གནས་པ་ནི། སེལ་མེད་ཀྱི་དམ་རྫས་དང་ཤ་ལྔ་བདུད་རྩི་ལྔ་དངོས་སམ་ཕབས་གཏའ་ལ་གཞི་བྱས། འབྲས་བུ་གསུམ་དང་བཟང་པོ་དྲུག་སོགས་སྐྱོབ་དང་འཕྲོད་དུ་གྱུར་པའི་སྨན་གྱིས་བུངས་བསྐྱེད་ལ་རིལ་བུ་སྲན་འཕོས་ཙམ་དུ་དྲིལ། སྐམ་ཐག་ཆོད་པ་དང་རྩི་དཀར་པོ་གསོལ། རིལ་ཆགས་ཐེམ་པར་བྱས་ནས་བུམ་པར་བླུགས་པ་སྒྲུབ་དཀྱིལ་ལ་དགོད། བླ་མ་མཆོད་པའི་གཞུང་བསྲངས་ནས་བཟླས་པ་ཡན་གྲུབ་པ་དང་། བུམ་པ་བསང་སྦྱང་།

སྟོང་པའི་ངང་ལས་བྷྲཱུྃ་ཡིག་ཡོངས་གྱུར་ལས། །

ཕྱི་ནི་བུམ་པ་ནང་ནི་གཞལ་ཡས་ཁང་། །

མཚན་ཉིད་ཡོངས་རྫོགས་སྤྲུལ་པའི་ཕོ་བྲང་དབུས། །

གླང་པོས་མཚན་པའི་རིན་ཆེན་པད་ཟླའི་ཁྲིར། །

རིལ་བུ་བླ་མ་རྡོ་རྗེ་མི་བསྐྱོད་པ་སོགས་ནས།

ཏུ་ཥྱ་ཧོཿ

ཞེས་པའི་བར་དང་། མཆོད་བསྟོད་མདོར་བསྡུས་བྱ།

རང་གི་ཐུགས་ནས་འོད་ཟེར་གཟུངས་ཐག་ལ། །

འཁྲིལ་ཏེ་བུམ་པའི་ལྷ་ཡི་ཐུགས་རྒྱུད་བསྐུལ། །

སྙོམས་ཞུགས་བདེ་སྟོང་སྒྲ་དང་འོད་ཟེར་གྱིས། །

འཁོར་འདས་དྭངས་བཅུད་བསྡུས་ཏེ་དབྱེར་མེད་ཐིམ། །

ཞེས་གསལ་བཏབ་ལ་རྩ་སྔགས་གཙོ་བོར་བཟླ། མཐར་ཡི་གེ་བརྒྱ་པའང་ཅི་རིགས་པ་བཟླ་ཞིང་། ཡན་ལག་བདུན་པ་ནས་བཟུང་རྗེས་ཆོག་གི་བར་ཚང་བར་གཏོང་། གྲུབ་ན་ཐུན་དྲུག་སོགས་སུ་བཅད་ལ་ཚོགས་ཀྱི་མཆོད་པ་དང་། ཐུན་མཚམས་སུ་བྱིན་འབེབས་དང་། ཁོར་ཡུག་གསུང་མི་ཆག་པར་བཟླ། དེ་ལྟར་བསྒྲུབས་པས་འོད་དང་། སྒྲ་དང་། དྲི་བཟང་དང་། རྨི་ལམ་དགེ་བ་སོགས་རྟགས་བྱུང་ན་དངོས་གྲུབ་བླང་བ་ནི། རྗེས་ཆོག་གི་མཆོད་བསྟོད་གྲུབ་ནས། བུམ་པ་སྤྱི་བོར་བཟུང་ཞིང་།

དབྱིངས་ཀྱི་བུམ་པར་རིག་པའི་ལྷ་ཚོགས་རྣམས། །

ཡེ་ཤེས་ཐུགས་རྗེའི་གཟི་བྱིན་རབ་འབར་བས། །

སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་བརླབས་ནས། །

དངོས་གྲུབ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། །

སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བརྗོད་ཅིང་གནས་གསུམ་དུ་གཏུགས།

རིལ་བུ་ལྷར་གསལ་བ་རྡོ་རྗེ་ལྕེའི་ལམ་ནས་བརྒྱུད་དེ་སྙིང་དབུས་མི་ཤིགས་པའི་ཐིག་ལེ་དང་དབྱེར་མེད་པར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བྱང་ཆུབ་བར་དུ་བཞུགས་ཤིང་དབང་དང་དངོས་གྲུབ་སྩལ་བར་གྱུར་བའི་མོས་པས་ཡི་གེ་བརྒྱ་པ་བཟླ་བཞིན་དུ་རིལ་བུ་མིད།

གཞན་ལ་སྦྱིན་ནའང་དབང་བསྐུར་དང་འབྲེལ་བར་བུམ་དབང་གི་རྗེས་སུ་སྦྱར་རོ། སླར་ཡང་བུམ་པ་སྒྲུབ་དཀྱིལ་དུ་བཀོད་ལ་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། བསྡུ་རིམ། བསྔོ་སྨོན་བཀྲ་ཤིས་སོགས་རྒྱས་པར་བྱའོ།།

འཇི༷གས་བྲ༷ལ་བདེ་ཆེན་རྡོ་རྗེ་སེམས། །

ཐར་གླི༷ང་སྣང་མཛད་གྲུབ་པའི་རྗེས། །

བྱིན་བརླབས་རྨད་བྱུང་ལམ་བཟང་འདིས། །

འགྲོ་ཀུན་རྣམ་གྲོལ་མཆོག་ཐོབ་ཤོག། །

ཅེས་པའང་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཉིད་ཀྱི་གསུང་རྡོ་རྗེའི་ཚིག་རྐང་ལས་བྱིན་རླབས་ཟབ་མོའི་སྣང་བས་ངག་འདོན་རྒྱས་པར་ཕྱེ་སྟེ། ཀུན་མཁྱེན་བླ་མ་དགྱེས་པའི་འབངས་ཀྱིས་ལེགས་པར་སྦྱར་བའི་དགེ་བས་མཐོང་ཐོས་དྲན་རེག་གི་འགྲོ་ཀུན་དམ་ཚིག་དང་སྡོམ་པ་རྣམ་པར་དག་ཅིང་། སྨིན་གྲོལ་མཆོག་གི་མྱུར་ལམ་ལ་བརྟེན་ནས་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའི་གོ་འཕང་ལ་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྤྱོད་ཆེན་པོས་དུས་རྟག་ཏུ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག། སརྦ་དཱ་ཀལྱཱ་ཎཾ་བྷ་བ་ཏུ།། རང་གཞན་གྱི་སྡིག་ལྟུང་དག་པར་དམིགས་ཚུལ་ཁྲིམས་རྒྱ་མཚོས་སྤར་དུ་བསྒྲུབས་པ་མངྒ་ལཾ།། །།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Abhirati Vajrasattva

This website uses cookies to collect anonymous usage statistics and enhance the user experience.
Decline
Accept