བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟངལས་། དབང་བསྐུར།

English | བོད་ཡིག

༄༅། །རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟངལས་། དབང་བསྐུར།

 

གཉིས་པ་ལ། དབང་བསྐུར་གནས་ལུང་ཉམས་ཆག་སྐོང་། །སྦྱིན་སྲེག་ལྷག་པར་གནས་པའོ། །ཞེས་ལྔ་ལས།

དང་པོ་ནི། མཚན་ཉིད་དང་ལྡན་པའི་སློབ་མ་ལ་འདིའི་དབང་བསྐུར་ན། སྒྲུབ་དཀྱིལ་གྱི་སྟེང་དུ་ཁྲིའུའི་ཁར་སྐུ་བུམ་པ། གསུང་བདུད་རྩི། ཐུགས་སིནྡྷཱུ་ར། ཡེ་ཤེས་རྡོ་རྗེ་སེམས་དཔའི་མེ་ལོང་གི་དཀྱིལ་འཁོར་རྣམས་བཞི་བརྩེགས་ཀྱི་ཚུལ་དུ་བཤམ། གཞན་མཆོད་གཏོར་སོགས་འདྲ། རང་གི་མདུན་དུ་ལས་བུམ་སོགས་འདུ་བྱ། སྐྱབས་འགྲོ་ནས་མདུན་བསྐྱེད་ཀྱི་བཟླས་པ་ཡན་ཆད་གོང་ལྟར་གྲུབ་ནས།

བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་རིགས་འདུས་བླ་མ་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཆེན་པོར་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་བདུད་རྩི་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར། །

སྔགས་ཅི་ནུས་བཟླས་མཐར་ཡི་གེ་བརྒྱ་པ་བརྗོད་ཅིང་།

བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ།

ལས་བུམ་གྱི་ཆུ་

ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ྄།།

ཀྱིས་བརླབ། ཕྱག་འཚལ་ནས་ཚོགས་མཆོད་པར་གོང་བཞིན་གྲུབ་རྗེས། སློབ་མ་རྣམས་ཁྲུས་བྱ། བགེགས་ཕྲལ། སྲུང་འཁོར་བསྒོམ། ཆོས་བཤད་ཅི་རིགས་པས་མཚམས་སྦྱར་ཏེ།

དེ་ལ་འདིར་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས།

བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །

དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །

དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །

ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །

ཞེས་དང་།

དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས།

རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བའི། །

སངས་རྒྱས་ཀུན་ཏུ་བདག་སྦྱོར་བས། །

རྣམ་པ་ཀུན་མཁྱེན་ཤེས་པའི་ཕྱིར། །

ཀུན་གྱི་སློབ་དཔོན་ཡིན་པར་བཤད། །

ཅེས་དང་།

སྡོམ་འབྱུང་ལས།

མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །

བླ་མ་མཆོད་པ་ཡང་དག་བརྩམ། །

དེ་མཉེས་པས་ནི་ཀུན་མཁྱེན་གྱི། །

ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །

 

བླ་མེད་མཛད་པའི་སློབ་དཔོན་ནི། །

རྡོ་རྗེ་སེམས་དཔའ་རབ་མཆོད་ན། །

དེ་ཡིས་བསོད་ནམས་མ་བྱས་ཅི། །

དཀའ་ཐུབ་མ་བསྟེན་ཅི་ཞིག་ཡོད། །

ཅེས་སོགས་ཟབ་མོའི་རྒྱུད་སྡེ་རྣམས་ལས་བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ཐ་མི་དད་པར་བསྒོམ་ཞིང་བསྒྲུབ་པ་དང་། མཆོད་ཅིང་བསྙེན་བཀུར་བ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་མྱུར་དུ་རྫོགས་ཤིང་།

ལྷན་ཅིག་སྐྱེས་པའི་ཡེ་ཤེས་དཀའ་བ་མེད་པར་རྟོགས་པར་འགྱུར་བའི་ཚུལ་རྒྱ་ཆེར་གསུངས་པའི་རྗེས་སུ་འབྲངས་ཏེ། མཐོང་བའི་ཆོས་ལ་འཕགས་པའི་ལམ་གྱི་དེ་ཁོ་ན་ཉིད་མངོན་སུམ་དུ་བརྙེས་པ་གྲུབ་པའི་སློབ་དཔོན་ཆེན་པོ་ཀུན་མཁྱེན་རང་བྱུང་རྡོ་རྗེའི་ཞལ་སྔ་ནས་ཀྱིས་རྒྱལ་བའི་དགོངས་བརྒྱུད་མངོན་དུ་ཕྱུང་བའི་རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་མངོན་དགའི་ཞིང་སྦྱོང་དང་རྗེས་སུ་འབྲེལ་བར་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་བསྒྲུབ་པ་ལ་སློབ་དཔོན་གྱི་བྱ་བ་གྲུབ་ནས།

ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་མཎྜལ་ཕུལ་མཛོད།

གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།

རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །

ཐར་ལམ་ཆེན་པོ་བདག་འདོད་དེ། །

དེ་ཉིད་དབང་དང་དམ་ཚིག་དང་། །

མགོན་པོ་དཔའ་བོར་སྐྱབས་སོང་ནས། །

ཐེག་ཆེན་ཁང་པར་གཞུག་པ་དང་། །

མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ།

བླ་མ་དང་རྡོ་རྗེ་སེམས་དཔའ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དབྱེར་མི་ཕྱེད་པའི་སྤྱན་སྔར་ཡན་ལག་བརྒྱད་ཀྱིས་རྒྱུད་སྦྱངས་པ་འདིའི་རྗེས་ཟློས་མཛོད།

ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔

དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔

མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔

གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔

དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔

དག་པའི་མཆོད་པ་བཞེས་སུ་གསོལ༔

དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔

ཉེས་བྱས་མ་ལུས་བཤགས་པར་བགྱི༔

ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔

མ་ཆགས་སྤྱོད་ལ་རྗེས་ཡི་རང་༔

དག་པའི་མཐའ་བཞི་དྲི་མ་མེད༔

རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔

བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔

དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔

ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔

བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔

སོགས་ལན་གསུམ།

སླར་ཡང་རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པའི་ལམ་སྡོམ་པ་གསུམ་གྱི་གནང་བཀག་རྣམས་ཚུལ་བཞིན་དུ་བཟུང་ཞིང་བསྲུང་ནས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་འཇུག་པར་བགྱིའོ་སྙམ་པས་དམ་བཅའ་འདིའི་རྗེས་ཟློས་མཛོད།

བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །

དེ་འདྲ་ཁོ་ནར་བདག་འགྱུར་ཤོག །

སྤྱོད་པ་རྨད་བྱུང་བསམ་ཡས་པ། །

འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །

བྱང་ཆུབ་སེམས་མཆོག་དམ་པ་དང་། །

སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །

སྲོག་གི་ཕྱིར་ཡང་མི་གཏོང་ན། །

རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད། །

དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད།

ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས།

ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་མངོན་པར་དགའ་བའི་ཞིང་ཁམས་ཆེན་པོར་རྫོགས་པའི་དབུས་སུ།

བཅུད་རྣམ་པར་དག་པ་སྣང་སྲིད་ལྷའི་ཕྱག་རྒྱར་བསྒྲུབ་པའི་སླད་དུ་གླང་པོས་མཚན་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ།

ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་གྱིས་མཛེས་ཤིང་ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་སྣང་སྟོང་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་གྱི་ཀློང་དུ་བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས་དང་།

དེའི་རང་རྩལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུར་བཞུགས་ཤིང་།

གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་རྣམ་པར་དག་པ་ཞི་ཁྲོ་རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེན་པོར་ལམ་གྱིས་གསལ་བའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ནས།

རྒྱུད་རྣམ་པར་དག་པ་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ།

ཐུགས་སྲོག་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས་ནས་སིབ་སིབ་ཐིམ་པས་རྡོ་རྗེའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད།

སྔགས་མཐར།

ཨོཾ་བཛྲ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ

ཞེས་ཡང་ཡང་བརྗོད།

ཏིཥྛ་བཛྲ་ས་བརྟན་པར་བྱས་པའི་མོས་པ་མཛོད།

དེ་ལྟར་ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ་དང་བཅས་པས་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བའི་སླད་དུ་མཎྜལ་ཕུལ།

ཁྱད་པར་ཅན་གྱི་དོན་ཞུ་བའི་སླད་དུ་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་གསོལ་བ་འདེབས་པ་འདིའི་རྗེས་མཛོད། །

བྱིན་རླབས་ཆར་འབེབས་དངོས་བརྒྱུད་བླ་མ་དང་། །

གྲུབ་གཉིས་མཆོག་སྩོལ་ཡི་དམ་དཀྱིལ་འཁོར་ལྷ། །

ཕྲིན་ལས་མངའ་བདག་མཁའ་འགྲོ་ཆོས་སྐྱོང་སོགས། །

སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་ཡེ་ཤེས་སྐུ། །

རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་སེམས། །

རིགས་ཀུན་འདུས་པའི་བདག་ཉིད་ཆེན་པོ་ལ། །

ཕྱག་འཚལ་སྐྱབས་མཆི་ལུས་དང་ལོངས་སྤྱོད་འབུལ། །

སྡོམ་གསུམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །

བྱང་ཆུབ་བསོད་ནམས་མཆོག་ལ་རྗེས་ཡི་རང་། །

ཐེག་པ་རྒྱ་མཚོའི་ཆོས་འཁོར་བསྐོར་དུ་གསོལ། །

རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་གསོལ་འདེབས། །

དགེ་ཚོགས་འཁོར་གསུམ་ཡོངས་དག་ཆེན་པོར་བསྔོ། །

 

ཁྱེད་ཤེས་མོས་གུས་གདུང་བས་གསོལ་བ་འདེབས། །

སྐུ་མཆོག་རྡོ་རྗེ་མཛོད་སྤུའི་དཀྱིལ་འཁོར་ནས། །

གདན་གསུམ་ཚང་བའི་དཀྱིལ་འཁོར་མངོན་སྤྲུལ་ཏེ། །

བུམ་དབང་བསྐུར་ནས་ཕུང་ཁམས་སྐྱེ་མཆེད་སོགས། །

ཡོངས་གྲུབ་གདན་གསུམ་འཁོར་ལོར་སྨིན་བྱིན་རློབས། །

ཨེ་ཝྃ་ཟུང་འཇུག་རོལ་པའི་དཀྱིལ་འཁོར་ནས། །

ཞུ་བ་སྐུ་དང་བདེ་བ་གསུང་རྡོ་རྗེ། །

མི་རྟོག་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནི། །

བྱང་ཆུབ་སེམས་དང་རྣམ་ཐར་གསུམ་ལྡན་གྱི། །

ཆོ་གས་མཆོག་དབང་རྣམ་གསུམ་མངོན་བྱས་ཏེ། །

རླུང་ཡིད་ཤེས་བྱའི་སྒྲིབ་པ་དྷཱུ་ཏིའི་དབྱིངས། །

གཅིག་ཅར་བཅོམ་ནས་དགའ་མཆོག་ཁྱད་པར་གྱི། །

དཔེ་དོན་ལྷན་སྐྱེས་ཡེ་ཤེས་མཐོང་སྒོམ་ལམ། །

སློབ་པ་མིན་པ་ཡེ་ཤེས་བླ་མའི་དབྱིངས། །

བདེ་གཤེགས་ཁམས་ཀྱི་ཡོན་ཏན་མཐར་ཕྱིན་སྩོལ། །

ཞེས་གསོལ་བ་བཏབ་པས་སོགས་གོང་ལམ་དབང་ལྟར་ལ། བུམ་དབང་གི་སྐབས་བུམ་པ་དང་། གསང་དབང་གི་རྫས་ཐོད་པའི་བདུད་རྩི། ཤེར་དབང་ལ་སིནྡྷཱུ་རའི་དཀྱིལ་འཁོར། དབང་བཞི་པའི་ངོ་སྤྲོད་སྐབས་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་པར་བྱ། གསང་དབང་གི་མཇུག་ཏུ།

མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་བ་ཞལ་ནས་འཐོན།

ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཤིང་མགྲིན་པར་ཐིམ་པས་རླུང་སྔགས་དབྱེར་མི་ཕྱེད་པའི་ངོ་བོར་བྱིན་གྱིས་བརླབས་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད་

ཅེས་བརྡ་སྦྱར་ལ་རྩ་སྔགས་ཀྱི་རྗེས་ཟློས་བྱར་གཞུག །

དབང་བཞི་པའི་རྟོགས་པ་བསྐྱེད་པའི་མཇུག་ཏུ་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད།

དེས་དབང་གི་དངོས་གཞི་གྲུབ་ནས། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་འཛིན་ཅིང་བསུང་སྙམ་པས་འདིའི་རྗེས་ཟློས་མཛོད།

གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །

དེ་དག་ཐམས་ཅད་བདག་གིས་བགྱི། །

གཏང་རག་གི་སླད་དུ་མཎྜལ་ཕུལ།

སླར་ཡང་ལུས་ལོངས་སྤྱོད་ལྟོས་མེད་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད།

དེང་ནས་བརྩམས་ཏེ་བདག་བྲན་དུ།  །

ཁྱེད་ལ་བདག་ནི་འབུལ་ལགས་ན།  །

ཁྱེད་ཀྱི་སློབ་མར་བཟུང་བ་དང༌།  །

ཆ་ཤས་ཀྱང་ནི་སྤྱད་དུ་གསོལ།  །

དེ་ལྟ་བུའི་དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་འཚལ།

བསོད་ནམས་འདི་ཡིས

་སོགས་བརྗོད་ལ་སློབ་མ་རྣམས་ཀྱིས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་། རྗེས་ཆོག་གི་མཆོད་བསྟོད་ནས་བཀྲ་ཤིས་པར་བྱའོ།།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Vajrasattva with consort

གནས་ཚུལ་འཕར་མ།

BDRC Author Profiles: P258 P314

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept