རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
༄༅། །རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ།
སྡིག་སྒྲིབ་དང་ཉམས་ཆག་སྦྱང་བ་སོགས་ཀྱི་སླད་དུ་ཞི་བའི་སྦྱིན་སྲེག་མདོར་བསྡུས་ཏེ་བྱ་བར་འདོད་ན། བླ་མ་མཆོད་པ་དང་འབྲེལ་བའི་དབང་དུ་བྱས་ཏེ། སྒྲུབ་དཀྱིལ་བཤམ། རང་གི་གཡས་སུ་སྲེག་རྫས། མར་ཁུ། ཡམ་ཤིང་། ཏིལ་སོགས། གཡོན་དུ་སྨན་རཀ་གཏོར་ཚོགས་དང་མཆོད་པ། མདུན་དུ་ཞི་བའི་ཐབ་སྤྱི་མཐུན་གྱི་དཀྱིལ་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རྡོ་རྗེས་མཚན་པའི་ཁ་ཁྱེར་གྱི་སྟེང་ནས་རུང་བའི་བུད་ཤིང་ཟླུམ་པོར་བརྩིགས་པའི་ཤར་ལྷོར་ཏིང་ལོ་མེ་ཚང་དང་བཅས་པ་གཞག དེ་དང་ཉེ་བར་དགང་བླུགས་གཟར་དང་། ལས་བུམ། རྡོ་དྲིལ་སོགས་འདུ་བྱ། སྐྱབས་སེམས་ནས་ལམ་དབང་བླང་བའི་བར་རམ། སྤྲོ་ན་ཚོགས་མཆོད་བཅས་གྲུབ་རྗེས། ལས་བུམ་ཨ་མྲྀ་ཏས་བརླབས་པ་འཐོར་ཞིང་།
ཨ་མྲྀ་ཏས་བསང།
སྭ་བྷཱ་ཝས་སྦྱང་།
སྟོང་པའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་དངོས་པོ་ལས་ཐམས་ཅད་ལ་ཐོགས་པ་མེད་པར་སྐུལ་ཞིང་ལྷ་ཚོགས་རྣམས་དགྱེས་པ་སྐོང་བའི་ནུས་ལྡན་དུ་གྱུར།
ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ
ཞེས་ལན་མང་དུ་བརྗོད་པས་བརླབ།
སྔགས་མཐར་ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་པས་མེ་སྤར་ལ་བསང་སྦྱང་།
ཨ། རང་བཞིན་སྐྱེ་མེད་དབྱིངས་ཕྱུག་ཡུམ་གྱི་མཁར། །
སྤྱན་དང་མཱ་ཀཱིའི་སྒྱུ་འཕྲུལ་རྡོ་རྗེའི་ཐབ། །
མཚན་ཉིད་ཡོངས་རྫོགས་གོས་དཀར་དམ་ཚིག་སྒྲོལ། །
མཉམ་སྦྱོར་ཡེ་ཤེས་མེ་ཕུང་འབར་བའི་དབུས། །
གླང་པོས་མཚན་པའི་རིན་ཆེན་པད་ཟླའི་ཁྲིར་ཞེས་སོགས་ནས།
བཛྲ་ཏུ་ཥྱ་ཧོཿ
ཞེས་པའི་བར་གོང་ལྟར་དང་། མཆོད་བསྟོད་མདོར་བསྡུས་བྱ། དགང་བླུགས་བཟུང་ལ།
ཧཱུྃ། དགང་བླུགས་དཀྱིལ་འཁོར་མ་ལུས་པའི། །
ཞལ་གྱི་ངོ་བོར་རྣམ་དག་ཅིང་། །
རྡོ་རྗེའི་ལྗགས་སྟེང་ཧཱུྃ་ཡིག་གིས། །
སྲེག་རྫས་བདུད་རྩིའི་རྒྱུན་དྲངས་ནས། །
ཟག་མེད་བདེ་བས་རབ་ཏུ་མཉེས། །
ལས་མཐུན་འོད་ཟེར་འཕྲོས་པ་ཡིས། །
མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར། །
ཅེས་བརྗོད་ཅིང་བསམས་ལ།
ཨོཾ་ཨཱཿགུ་རུ་བཛྲ་སཏྭ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ
ཞེས་བདུན་གྱིས་མར་ཁུ་བླུགས་གཟར་བདུན་ཕུལ་བས་དགང་གཟར་བཀང་བ་ཁ་སྦྱར་ཞིང་ཐབ་ལ་གཡས་སུ་བསྐོར།
བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་ཉམས་ཆག་ཉེས་ལྟུང་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།
ཞེས་དབུལ། དེ་ལྟ་བུའི་རིམ་པས་བརྒྱ་རྩ་སོགས་ཅི་རིགས་དང་། ཡམ་ཤིང་། ཏིལ། རྫས་གཞན་ཡོད་ནའང་སྤོམ་སྟེ་འབུལ་ཚུལ་འདྲ། གྲངས་གསོག་ན། སྔགས་བརྒྱ་རྩ་རེའི་མཚམས་སུ་སྤེལ་ཚིག་རེ་སྦྱར་ཞིང་། རྫས་ཏིལ་འབའ་ཞིག་འབུལ། མཐར་ཚོགས་ཀྱི་མཆོད་པ་དང་། གཏང་རག་གི་མཆོད་བསྟོད་བྱ།
ཨོཾ་ཨཱཿཧཱུྃ། བདག་གཞན་བླ་མེད་ཚོགས་མཆོད་འདི་དག་གིས། །
སྡིག་སྒྲིབ་ཉམས་ཆག་མ་ལུས་ཀུན་བྱང་ནས། །
ཚེ་འདི་ཉིད་ལ་རིག་འཛིན་མཆོག་འགྲུབ་ཅིང་། །
བྱིན་རླབས་རྩལ་དབང་གཟི་བྱིན་ནུས་མཐུར་ལྡན། །
སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །
ཞེས་དང་སྔགས་མཐར་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཞེས་པས་དངོས་གྲུབ་བླང་།
མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་དང་བཅས་ནོངས་པ་བཤགས།
མ་འབྱོར་པ་དང་ཉམས་པ་དང་། །
གཙོ་བོ་ནུས་པ་མ་མཆིས་པས། །
འདིར་ནི་བགྱི་བ་གང་བགྱིས་པ། །
དེ་ཀུན་མགོན་པོས་བཟོད་པར་མཛོད། །
ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་དང་།
རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །
སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །
སླར་ཡང་འབྱོན་པར་མཛད་དུ་གསོལ། །
བཛྲ་མུཿས་ཐབ་ཀྱི་ཡེ་ཤེས་པ་གཤེགས། །
དམ་ཚིག་པ་རང་ལ་ཐིམ། །
ཕྱི་ཡི་མཆོད་པས་ཕྲིན་ལས་ཐོགས་མེད་འགྲུབ། །
གཏུམ་མོའི་མེ་ཡིས་རླུང་སེམས་དབུ་མར་ཐིམ། །
ཕྱག་རྒྱ་ལ་བརྟེན་བདེ་ཆེན་ཡེ་ཤེས་འབར། །
མཐར་ཐུག་ཟུང་འཇུག་འོད་གསལ་མངོན་གྱུར་ཤོག །
ཅེས་སྨོན་ལམ་གདབ། བཀྲ་ཤིས་བརྗོད། ཚོགས་ལ་རོལ། ལྷག་མ་དང་རྗེས་ཆོག་གི་མཆོད་བསྟོད་ནས་བཀྲ་ཤིས་བར་གོང་ལྟར་བྱའོ། དེ་བཞིན་དུ་ལས་གཞན་བྱ་བར་འདོད་ནའང་། སོ་སོའི་ཐབ་སྤྱི་ལྟར་བྲི་ཞིང་། ལས་མཐུན་གྱི་བུད་ཤིང་བརྩིག
རྒྱས་པ་ལ་རྫས་ཟས་མཆོག་དང་རིན་ཆེན་འབྲུ་སྨན་སྦྱར་བ་གཙོ་བོར་ཕུལ།
སྤེལ་ཚིག་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ་ཞེས་གདགས།
དབང་ལ་མེ་ཏོག་དང་འབྲས་བུ་དམར་པོའི་རིགས་ཆང་གིས་སྦགས་པ་དང་།
སྤེལ་ཚིག་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་དབང་དུ་ཁམས་གསུམ་སྣོད་བཅུད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ
དྲག་པོ་ལ་ཡུངས་ཀར་ལན་ཚྭ་སྦྱར་བ་དང་།
སྤེལ་ཚིག་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ྄།
ཅེས་སྦྱར་བ་ཁྱད་པར་རོ།
