རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་།
༄༅། རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ།
གཞུང་རྩ་བ་ལས།
བསྙེན་སྒྲུབ་ཟབ་མོར་འཇུག་པའི་ཚེ༔
དེ་ཡི་དབང་ཐོབ་བླ་མ་དང་༔
དམ་ཚིག་ཉམས་ཆག་ཡོད་སྲིད་ན༔
སྒྲུབ་འབྲས་འབྱིན་པ་ཕུལ་བས་ན༔
གནད་ཀྱི་མན་ངག་འདི་ལྟར་བྱ༔
དབང་ལུང་ནོད་པའི་བླ་མ་དེ༔
སངས་རྒྱས་ཐམས་ཅད་འདུས་པའི་སྐུར༔
བསམས་ཏེ་རང་གི་སྤྱི་བོར་བསྐྱེད༔
སྟོབས་བཞིའི་གནད་དང་ལྡན་པའི་ངང་༔
གླང་པོ་རབ་འབོགས་རྒྱུད་ཀྱི་དོན༔
ཡེ་ཤེས་སྐུ་མཆོག་ཚར་གསུམ་དང་༔
ཡི་གེ་བརྒྱ་པ་ཅི་ནུས་མཐར༔
དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད༔
ཅེས་པའི་དོན་ཉམས་སུ་བླང་བ་ནི། བླ་མཆོད་གཞུང་གི་བཟླས་པའི་རྗེས་ཡན་ལག་བདུན་པ་དང་། ཚོགས་མཆོད་ལྷག་མ་ཡན་ཆད་གཞུང་ལྟར་གྲུབ་རྗེས། མདུན་གྱི་བླ་མ་རྡོ་རྗེ་སེམས་དཔའ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་གདབ་ཅིར་ཡེ་ཤེས་སྐུ་མཆོག་ཚར་གསུམ། ཡི་གེ་བརྒྱ་པ་ཅི་ནུས། དབྱངས་གསལ་རྟེན་སྙིང་བཅས་བརྗོད། དེ་ནས།
དེ་རྗེས་སྤྱི་བོའི་བླ་མ་དང་༔
བདག་ཉིད་ཡི་དམ་གང་བསྙེན་གྱི༔
སྐུ་རུ་ལམ་གྱིས་གནས་བསྒྱུར་ལ༔
དབང་བཞི་བླངས་ཤིང་རྩ་སྔགས་བཟླ༔ ཞེས་པས།
མདུན་གྱི་བླ་མ་རྡོ་རྗེ་སེམས་དཔའ་དང་། རང་ཉིད་ཀྱི་གཞི་ལུས་སྐད་ཅིག་གིས་ལྷག་པའི་ལྷའི་སྐུར་གྱུར་ཅེས་པའམ་མངོན་རྟོགས་རྒྱས་པར་བརྗོད་པས་གསལ་བཏབ་ལ་མཎྜལ་ཕུལ།
དཀྱིལ་འཁོར་གཙོ་བོ་ཁྱོད་ལ་འདུད་སོགས་གསོལ་འདེབས་ནས་བཟུང་དབང་བཞི་བླང་།
དེའང་ཡན་ལག་བདུན་པའི་མགོའི།
རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་སེམས་ཞེས་པར།
རྩ་བའི་བླ་མ་དཀྱིལ་འཁོར་གཙོ་བོ་མཆོག་ཅེས་དང་།
བླ་མ་རྡོ་རྗེ་སེམས་དཔའ་ཞེས་པའི་མལ་དུ་
བླ་མ་དང་ལྷག་པའི་ལྷ་ཐ་མི་དད་པའི་ཞེས་བསྒྱུར།
བུམ་དབང་སྐབས་ལྷ་རང་གི་སྔགས་མཐར་ཨ་བྷི་ཥིཉྩ་གདགས་པ་ཙམ་ཁྱད་པར་རོ། །
མཐར་ཡི་དམ་དེ་ཉིད་ཀྱི་རྩ་སྔགས་ཅི་ནུས་བཟླ། སྒོས་ཀྱི་མཆོད་བསྟོད་གང་ཤེས་བྱ། ནོངས་བཤགས་རྗེས།
དཔལ་ལྡན་བླ་མ་ལྷག་པའི་ལྷ། །
དགྱེས་པ་ཆེན་པོས་རང་ལ་ཐིམ། །
རང་ཡང་སྣང་སྟོང་བརྗོད་བྲལ་ངང་། །
མི་རྟོག་རྗེན་པའི་ངང་དུ་བཞག །
ཅེས་བརྗོད་ཅིང་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པའི་ངང་གནས་ལུགས་མ་བཅོས་པའི་རང་ཞལ་བལྟ་བས་མཚམས་སྦྱར་ཏེ་བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱས་ལ།
ཕྱིན་ཆད་ཉམས་ཆག་འཁོན་འཛིན་དེ༔
ནམ་ཡང་རྒྱུད་ལ་གནས་མི་བྱ༔
ཞེས་གསུངས་པ་ལྟར་སྡོམ་སེམས་བརྟན་པོ་བགྱིས་པས་ཉམས་ཆག་ཐམས་ཅད་འདག་ཅིང་། དངོས་གྲུབ་ཀྱི་སྣོད་དུ་འགྱུར་པ་ཡིན་ནོ། །
