བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟངལས་། སྒྲུབ་ཐབས།

English | བོད་ཡིག

༄༅། །རྡོ་རྗེ་སེམས་དཔའ་ལ་བརྟེན་པའི་བླ་མ་མཆོད་པའི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ་བདེ་ཆེན་ལམ་བཟང་ཞེས་བྱ་བ་བཞུགས་སོ།།

 

བླ་མ་མཆོག་དང་དབྱེར་མེད་པའི། །
བདེ་སྟོང་ཟུང་འཇུག་རྡོ་རྗེ་སེམས། །
སྙིང་དབུས་ཐིག་ལེར་མཆོད་བྱས་ནས། །
དེ་མཉེས་བྱེད་པའི་ཆོ་ག་དབྱེ། །

འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ།

དང་པོ་ལ་གཉིས། ཡོ་བྱད་འདུ་བྱ་བ་དང་། ཆོ་གའི་སྦྱོར་བའོ།

དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་གོང་དུ་དཀོན་མཆོག་གི་རྟེན་བཀྲམ་པའི་སྤྱན་སྔར་དཀྱིལ་འཁོར་སྒོ་རྫོགས་སམ། སྒྲུབ་པའི་མཎྜ་ལར་མེ་ཏོག་གི་ཚོམ་བུ་བཀོད་པའི་མདུན་དུ་སྨན་རཀ་གཏོར་ཚོགས་ཉེར་སྤྱོད་སོགས་ཇི་ལྟར་འབྱོར་བའི་མཆོད་པ་བུངས་བསྐྱེད་དེ་གཙང་ཞིང་བཀོད་མཛེས་སུ་བཤམ། རང་གི་མདུན་དུ་མཆོད་པའི་མཎྜལ་དང་། རོལ་མོའི་བྱེ་བྲག སྔོན་གཏོར་སོགས་ཉེར་མཁོ་ཐམས་ཅད་འདུ་བྱའོ།

གཉིས་པ་ལ། སྐྱབས་སེམས་ཚོགས་བསག་མཚམས་བཅད་ཅིང་། མཆོད་པ་བྱིན་གྱིས་བརླབ་པའོ། ཞེས་ལྔ་ལས། དང་པོ་ནི།

རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་སྐྱབས་ཡུལ་བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། །

འཁོར་བའི་འཇིགས་པ་སྐྱོབ་པའི་དམ་ཆོས་དང་། །

རིག་གྲོལ་སྤོབས་པའི་འབྱུང་གནས་རྫོགས་སངས་རྒྱས། །

གསུམ་ཀའི་བདག་ཉིད་རྩ་བ་གསུམ་གྱི་དངོས། །

བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། །

ལན་གསུམ།

གཉིས་པ་ནི།

སེམས་ཅན་ཁམས་ནི་ནམ་མཁའི་མཐའ་བཞིན་ཏེ། །

གང་ཕྱིར་དམིགས་པ་མེད་པའི་བྱང་ཆུབ་སེམས། །

སྨོན་འཇུག་དོན་དམ་སེམས་ལ་རབ་སྦྱར་ནས། །

མཐའ་ཡས་འགྲོ་བ་སྒྲོལ་བར་དམ་བཅའོ། །

ལན་གསུམ།

གསུམ་པ་ནི།

ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་རྒྱ་མཚོ་ལ། །

གུས་པས་ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་བཤགས། །

དགེ་ལ་ཡི་རང་ཆོས་འཁོར་བསྐོར་བཞིན་དུ། །

བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །

ལན་གསུམ་གྱི་རྗེས།

ཛཿཧཱུྃ་བྃ་ཧོཿ སྐྱབས་ཡུལ་རྣམས་རང་ལ་ཐིམ། །

བཞི་པ་ནི།

རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར། །

སྔོན་གཏོར།

རྃ་ཡྃ་ཁྃ་གིས་བསང་སྦྱང་།

ཨོཾ་ཨཱཿཧཱུྃ་གིས་བརླབ།

བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །།

བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བསྔོས་ལ།

གང་དག་འདིར་གནས་ལྷ་དང་ཀླུ། །

གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །

སྔགས་སྤྱོད་དོན་དུ་ས་ཕྱོགས་འདི། །

བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །

བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿས་གཤེགས་སུ་གསོལ་བ་དང་ཆབས་ཅིག །

གང་དག་ནག་པོའི་ཕྱོགས་གྱུར་པའི། །

གསང་སྤྱོད་བལྟ་བར་མི་དབང་ཀུན། །

གཏོར་མའི་ལྷག་མ་འདི་ཁྱེར་ལ། །

རང་རང་སོ་སོའི་གནས་སུ་དེངས། །

ཞེས་དང་སུམྦྷ་སོགས་བརྗོད་པས་བསྐྲད།

དབྱིངས་ཀྱི་ངང་ལས་རིག་པའི་རྩལ། །

མི་ཕྱེད་རྡོ་རྗེ་སྲུང་བའི་གུར། །

ཡེ་ཤེས་ཁྲོ་བོའི་ཚོགས་དང་བཅས། །

ཕྱོགས་མཚམས་ཀུན་ཏུ་ཁྱབ་པར་གྱུར། །

ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་མཚམས་གཅད།

ལྔ་པ་ནི།

ཨོཾ་ཨཱཿཧཱུྃ། མཆོད་པའི་དམ་རྫས་བརྟན་གཡོའི་དངོས་པོ་ཀུན། །

ཀུན་ཏུ་བཟང་པོའི་རྣམ་པར་འཕྲུལ་པ་ཡིས། །

ནམ་མཁའ་མཛོད་ཀྱི་འཁོར་ལོར་བྱིན་གྱིས་རློབས། །

མཆོད་པའི་ཕྱག་རྒྱ་ཆེན་པོར་ལྷུན་རྫོགས་ཤོག །

ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ་དང་། ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ།

ལན་གསུམ་བརྗོད།

གཉིས་པ་ལ། ཚོགས་ཞིང་བསྒྲུབ་ཅིང་ཉེ་བར་བསྙེན། ཡན་ལག་བདུན་མཐར་ལམ་དབང་བླང་། ཚོགས་ཀྱི་མཆོད་པས་མཉེས་པར་བྱ། ཞེས་ལྔ་ལས།

དང་པོ་ཚོགས་ཞིང་བསྒྲུབ་པ་ནི།

ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ། །

གཟུང་འཛིན་ལྟར་སྣང་ཡུལ་ལྔ་ཡིད་ཤེས་ཀུན། །

གདོད་ནས་རྣམ་དག་འོད་གསལ་སྟོང་ཉིད་ངང་། །

ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ལས། །

མངོན་པར་དགའ་བ་རང་བཞིན་སྤྲུལ་པའི་ཞིང་། །

ལྟ་ན་སྡུག་པའི་གཞལ་མེད་ཁང་ཆེན་དབུས། །

 

རང་ཉིད་གཞི་ལུས་བཅོམ་ལྡན་རྡོ་རྗེ་སེམས། །

དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོ་དྲིལ་བསྣམས། །

ཞི་འཛུམ་ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་མཛེས། །

ཞབས་གཉིས་སེམས་སྐྱིལ་པད་ཟླའི་གདན་ལ་བཞུགས། །

 

མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །

གླང་པོས་མཚན་པའི་རིན་ཆེན་པད་ཟླའི་ཁྲིར། །

རྩ་བའི་བླ་མ་རྡོ་རྗེ་མི་བསྐྱོད་པ། །

སྐུ་མདོག་དཀར་གསལ་རྡོར་དྲིལ་ཡུམ་དང་འཁྲིལ། །

ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས། །

རང་འོད་སྙེམས་མ་གྲི་ཐོད་འཛིན་པས་འཁྱུད། །

ཞབས་གཉིས་རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས། །

སྣང་སྟོང་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས། །

 

ཐུགས་ཀར་རང་བཞིན་གཞི་ཡི་ཀུན་བཟང་ལ། །

རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ་དང་། །

ཐུབ་པ་དྲུག་དང་སྒོ་བ་ཡབ་ཡུམ་སྟེ། །

བཞི་བཅུ་རྩ་གཉིས་ཞི་བའི་ཚོམ་བུར་རྫོགས། །

 

དེ་ཡི་རང་རྩལ་བདེ་ཆེན་འཁོར་ལོ་རུ། །

ཆེ་མཆོག་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་དང་། །

གནས་ཡུལ་མ་མོ་དབང་ཕྱུག་སྒོ་སྐྱོང་སྟེ། །

རབ་འབར་དཔལ་ཆེན་ཁྲོ་བོའི་ཕྱག་རྒྱར་བཞེངས།

 

གང་སྐུ་རིག་གྲོལ་མཐར་ཕྱིན་དགེ་འདུན་མཆོག །

གསུང་གསང་བདེན་གཉིས་ཡོངས་རྫོགས་དམ་པའི་ཆོས། །

ཐུགས་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །

ཡོན་ཏན་དགོས་འདོད་ཆར་འབེབས་ནོར་ལྷ་དང་། །

ཕྲིན་ལས་མཁའ་འགྲོ་ཆོས་སྐྱོང་ཚོགས་ཀྱི་རྗེ། །

སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ། །

 

གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེ་ལས། །

མཁའ་ཁྱབ་འོད་ཟེར་དྲྭ་བའི་སྤྲོ་བསྡུ་ཡིས། །

ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ལུས་ཀུན། །

སྤྱན་དྲངས་ཡེ་ཤེས་དབྱིངས་སུ་རོ་གཅིག་གྱུར། །

ཅེས་གསལ་བཏབ་ལ་འདུན་པ་རྩེ་གཅིག་པས། །

ཨོཾ། སྟོང་པ་ཤིན་ཏུ་ཡོད་མེད་རྣལ་འབྱོར་མཐུས། །

ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གནས། །

བདེ་མཆོག་བདེ་བར་གཤེགས་པ་དགོངས་སུ་གསོལ། །

རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །

ཛཿཧཱུྃ་བྃ་ཧོཿ ཨེ་ཧྱེ་ཧི་བྷ་ག་ཝ་ན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ་ཞེས་སྤྱན་དྲང་།

སྟོབས་ཀྱི་གླང་པོའི་ཁྲི་ལ་ཡང་དག་ངེས་བཞུགས་ཤིང་། །

རང་གི་ལྷ་མོ་དག་དང་གཡོག་དང་འཁོར་དུ་བཅས། །

ཀུན་ཏུ་བཟང་པོའི་སྨོན་ལམ་རྗེས་སུ་དགོངས་མཛད་དེ། །

འཇིག་རྟེན་ལྷ་མིར་བཅས་ལ་སྨན་སླད་ལས་ལ་བཞུགས། །

ཀཱ་ཡ་ཝཱ་ཀ་ཙིཏྟ་ཏིཥྛ་བཛྲ་ཞེས་པས་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པ་ལ།

ཧ་སྟི་རཏྣ་ཨཱ་ས་ན་པདྨ་ཙནྡྲ་ཀ་མ་ལཱ་ཡ་སྟྭཾ་ཞེས་གདན་ཕུལ།

སླར་ཡང་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཤིང་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས་རྡོ་རྗེ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་པར་གྱུར་པའི་མོས་པས། །

ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿཞེས་རྒྱས་གདབ།

རཏྣ་མཱ་ལ་ཨ་བྷི་ཥིཉྩ་ཏྲཱཾ་ཞེས་པས་རིན་པོ་ཆེའི་ཕྲེང་བ་དང་།

ཕཊ྄་ལཾ་བྷ་ཨ་བྷི་ཥིཉྩ་ཧྲཱིཿཞེས་པས་དར་དཔྱངས་ཀྱིས་བརྒྱན།

ཨོཾ་བཛྲ་ཏུ་ཥྱ་ཧོཿཞེས་རྡོ་རྗེ་ཐལ་མོས་མཉེས་པར་བྱའོ།

གཉིས་པ་ཉེ་བར་བསྙེན་པ་ནི།

བྱིན་རླབས་ཆར་འབེབས་དངོས་བརྒྱུད་བླ་མ་དང་། །

གྲུབ་གཉིས་མཆོག་སྩོལ་ཡི་དམ་དཀྱིལ་འཁོར་ལྷ། །

ཕྲིན་ལས་མངའ་བདག་མཁའ་འགྲོ་ཆོས་སྐྱོང་སོགས། །

སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་ཡེ་ཤེས་སྐུ། །

རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་སེམས། །

རིགས་ཀུན་འདུས་པའི་བདག་ཉིད་ཆེན་པོ་ལ། །

ཕྱག་འཚལ་སྐྱབས་མཆི་ལུས་དང་ལོངས་སྤྱོད་འབུལ། །

སྡོམ་གསུམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །

བྱང་ཆུབ་བསོད་ནམས་མཆོག་ལ་རྗེས་ཡི་རང་། །

ཐེག་པ་རྒྱ་མཚོའི་ཆོས་འཁོར་བསྐོར་དུ་གསོལ། །

རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་གསོལ་འདེབས། །

དགེ་ཚོགས་འཁོར་གསུམ་ཡོངས་དག་ཆེན་པོར་བསྔོ། །

ཁྱེད་ཤེས་མོས་གུས་གདུང་བས་གསོལ་བ་འདེབས། །

སྐུ་མཆོག་རྡོ་རྗེ་མཛོད་སྤུའི་དཀྱིལ་འཁོར་ནས། །

གདན་གསུམ་ཚང་བའི་དཀྱིལ་འཁོར་མངོན་སྤྲུལ་ཏེ། །

བུམ་དབང་བསྐུར་ནས་ཕུང་ཁམས་སྐྱེ་མཆེད་སོགས། །

ཡོངས་གྲུབ་གདན་གསུམ་འཁོར་ལོར་སྨིན་བྱིན་རློབས། །

ཨེ་ཝྃ་ཟུང་འཇུག་རོལ་པའི་དཀྱིལ་འཁོར་ནས། །

ཞུ་བ་སྐུ་དང་བདེ་བ་གསུང་རྡོ་རྗེ། །

མི་རྟོག་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནི། །

བྱང་ཆུབ་སེམས་དང་རྣམ་ཐར་གསུམ་ལྡན་གྱི། །

ཚོགས་ཀྱི་མཆོག་དབང་རྣམ་གསུམ་མངོན་བྱས་ཏེ། །

རླུང་ཡིད་ཤེས་བྱའི་སྒྲིབ་པ་དྷཱུ་ཏིའི་དབྱིངས། །

གཅིག་ཅར་བཅོམ་ནས་དགའ་མཆོག་ཁྱད་པར་གྱི། །

དཔེ་དོན་ལྷན་སྐྱེས་ཡེ་ཤེས་མཐོང་སྒོམ་ལམ། །

སློབ་པ་མིན་པ་ཡེ་ཤེས་བླ་མའི་དབྱིངས། །

བདེ་གཤེགས་ཁམས་ཀྱི་ཡོན་ཏན་མཐར་ཕྱིན་སྩོལ། །

ཨོཾ་ཨཱཿགུ་རུ་བཛྲ་སཏྭ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ

ཞེས་མོས་གུས་གདུང་བའི་ངང་ནས་བཟླས་པ་བྱ་བ་དང་ལྷན་ཅིག བླ་མ་རྡོ་རྗེ་སེམས་དཔའི་སྐུའི་གསལ་སྣང་། གསུང་སྔགས་སྒྲ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལ་སེམས་འཛིན་ཅིང་བཟླ་བ་ནི་དོན་གྱི་དབང་བླང་བ་དང་།

བརྡའི་དབང་བླང་བ་བསྡུས་པ།

བླ་མའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་རིམ་དང་གཅིག་ཅར་དུ་བྱུང་། །

རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་ཆག་དག །

དབང་བཞི་ཐོབ་སྒྲིབ་བཞི་སྦྱངས། །

སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་གྱུར་པའི་མོས་པས་བཟླ།

རྒྱས་པར་འོག་ནས་འབྱུང་བ་ལྟར་དབང་ལྷ་སྤྲུལ་ཏེ་དབང་བཞི་རྫོགས་པར་བསྐུར་བར་བསམས་ལ་བཟླས་པ་བྱ་སྟེ། མདོར་ན་ཡིད་གཡེང་བ་སྤངས་ཏེ་རྩེ་གཅིག་པས་བཟླས་བརྗོད་ཆུ་བོའི་རྒྱུན་བཞིན་དུ་འབད་པས་འབུམ་ཕྲག་བཞིས་སྒྲིབ་པ་དག་པ་དང་། བྱིན་རླབས་ཀྱི་མཚན་མ་མཐོང་བར་འགྱུར་ལ། ཐུན་གྱི་གཤམ་དུ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་བའང་ཅི་ནུས་སུ་བཟླའོ།

གསུམ་པ་བསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ་བ་ནི།

ཐོག་མར་རང་དང་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་སོགས་ལས་རིམ་ལ་འཇུག་པར་གྱུར་པའི་མོས་པས་ཕྱག་འཚལ་བ་ནི།

ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །

འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །

ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །

ལུས་དཔག་མེད་པར་སྤྲུལ་ཏེ་གུས་ཕྱག་འཚལ། །

 

བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །

དུས་གསུམ་བདེར་གཤེགས་སྲས་བཅས་ཐམས་ཅད་ཀྱི། །

སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །

བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །

 

ཕྱོགས་དུས་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །

དམ་ཆོས་ཆར་འབེབས་དགེ་འདུན་འདུས་པའི་གཙོ། །

ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྒྱ་མཚོའི་དངོས། །

དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །

 

མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །

དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །

ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །

རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་ལོ། །

 

ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །

གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །

ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །

རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །

 

དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །

ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ། །

ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །

ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ། །

 

མཛེས་མའི་སྐུ་མཆོག་འགྲོ་བ་སྒྲོལ་ལ་མཁས། །

ངོ་མཚར་ཕོ་བྲང་བདེ་བར་གཤེགས་པའི་ཡུམ། །

ཤེས་རབ་ཐབས་ཀྱིས་གཙོ་ལ་མཉེས་མཛད་མ། །

རིགས་ཀྱི་ཡུམ་མཆོག་རྣམས་ལ་ཕྱག་འཚལ་ལོ། །

 

ཐབས་མཁས་ཐུགས་རྗེའི་ཡེ་ཤེས་སྤྲུལ་པའི་སྐུ། །

རྣལ་འབྱོར་དག་པས་གྲུབ་པའི་ས་བརྙེས་པ། །

ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་པའི། །

སེམས་དཔའ་སེམས་མ་རྣམས་ལ་ཕྱག་འཚལ་ལོ། །

 

སྟེང་འོག་ཕྱོགས་བཞིའི་འཇིག་རྟེན་འདུལ་བའི་གཙོ། །

ཉོན་མོངས་དྲུག་འཇོམས་རྒྱུད་དྲུག་དག་པར་སྦྱོར། །

འགྲོ་དྲུག་འདྲེན་ཕྱིར་སྤྲུལ་པའི་སྐུར་སྟོན་པ། །

བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་ལོ། །

 

བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཀྱིས། །

ཉོན་མོངས་ལོག་པར་ལྟ་བའི་དགྲ་རྣམས་འཇོམས། །

གཤིན་རྗེ་གཤེད་པོ་ལ་སོགས་ཁྲོ་བོ་བཞི། །

སྒོ་བ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་ལོ། །

 

མི་གནས་མི་དམིགས་ཆོས་སྐུར་དག་པ་ལ། །

བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྟོན་པ། །

ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ། །

བཅོམ་ལྡན་ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་ལོ། །

 

མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ། །

ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ། །

རྡོ་རྗེ་འདུ་འཕྲོ་མཛད་ལ་ཕྱག་འཚལ་ལོ། །

སྲིད་གསུམ་དབྱིངས་སུ་སྒྲོལ་ལ་ཕྱག་འཚལ་ལོ། །

 

ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་། །

ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་ནས། །

མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་མ། །

གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་ལོ། །

 

ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་རྒྱུ། །

འདོད་རྒུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །

མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་མ། །

ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །

 

མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །

བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །

ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ཏེ། །

རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །

གཉིས་པ་མཆོད་པ་ལ།

མཎྜལ་འདོད་ཡོན་དམ་རྫས་དང་། བདེ་ཆེན་དེ་ཁོ་ན་ཉིད་དོ། ཞེས་ལྔ་ལས།

དང་པོ་ནི།

མཎྜལ་ཚོམ་བུ་སོ་བདུན་མ་སོགས་རྒྱས་བསྡུས་ཇི་ལྟར་རིགས་པའམ། སྐུ་གསུམ་གྱི་ཞིང་ཁམས་འབུལ་བའི་ཚུལ་སྔོན་འགྲོའི་སྐབས་རྣམས་ལས་འབྱུང་བ་ལྟར་རོ།

གཉིས་པ་ནི།

རང་གི་སྙིང་ག་ནས་རྡོ་རྗེའི་རིག་མ་བཅུ་དྲུག་ནམ་མཁའ་གང་བར་སྤྲོས་ཏེ་བདེ་བ་ཆེན་པོའི་ལོངས་སྤྱོད་རྣམ་པ་ཐམས་ཅད་པས་མཆོད་པར་གྱུར་པའི་མོས་པས།

སྟོང་པའི་ཡེ་ཤེས་དགའ་བར་རྗེས་ཆགས་གཟུགས། །

རྡོ་རྗེ་པི་ཝཾ་གླིང་བུ་རྔ་ཐབས་བཟུང་། །

རིག་གདངས་ཆོས་ཉིད་མངོན་སུམ་མཆོད་སྤྲིན་གྱིས། །

སྣ་ཚོགས་སྒྱུ་འཕྲུལ་སྤྲུལ་པའི་དཀྱིལ་འཁོར་མཆོད། །

ཨོཾ་ཨཱཿབཛྲ་ཝཱི་ཎཱི་ཧཱུྃ། ཨོཾ་ཨཱཿབཛྲ་ཝཾ་སེ་ཏྲཱཾ། ཨོཾ་ཨཱཿབཛྲ་མྲྀ་དཾ་གེ་ཧྲཱིཿ ཨོཾ་ཨཱཿབཛྲ་མུ་ར་ཛེ་ཨཱཿ

 

རྡོ་རྗེ་སྒེག་བཞད་གླུ་དང་གར་མཁན་མ། །

ཤིན་ཏུ་སྟོང་པ་ལས་བྱུང་མཆོག་དགའི་དངོས། །

འོད་གསལ་ཉམས་སྣང་གོང་འཕེལ་མཆོད་སྤྲིན་གྱིས། །

ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་དཀྱིལ་འཁོར་མཆོད། །

ཨོཾ་ཨཱཿབཛྲ་ལཱ་སྱ་ཧཱུྃ། ཨོཾ་ཨཱཿབཛྲ་མཱ་ལེ་ཏྲཱྃ། ཨོཾ་ཨཱཿབཛྲ་གཱིརྟཱི་ཧྲཱིཿ ཨོཾ་ཨཱཿབཛྲ་ནྲྀ་ཏྱ་ཨཱཿ

 

ཐམས་ཅད་སྟོང་པ་ཁྱད་པར་དགའ་བའི་དཔྱིད། །

མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ། །

གཞི་དབྱིངས་རིག་པ་ཚད་ཕེབས་མཆོད་སྤྲིན་གྱིས། །

རྣམ་ཀུན་མཆོག་ལྡན་ཆོས་སྐུའི་དཀྱིལ་འཁོར་མཆོད། །

ཨོཾ་ཨཱཿབཛྲ་པུཥྤེ་ཧཱུྃ། ཨོཾ་ཨཱཿབཛྲ་དྷཱུ་པེ་ཏྲཱྃ། ཨོཾ་ཨཱཿབཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་ཨཱཿབཛྲ་གནྡྷེ་ཨཱཿ

 

རབ་ཏུ་སྟོང་པ་ལྷན་སྐྱེས་ཡེ་ཤེས་དངོས། །

གཟུགས་རེག་རོ་དང་ཆོས་དབྱིངས་རྡོ་རྗེ་མ། །

ཆོས་ཟད་བློ་འདས་དོན་གྱི་མཆོད་སྤྲིན་གྱིས། །

དབྱེར་མེད་ངོ་བོ་ཉིད་སྐུའི་དཀྱིལ་འཁོར་མཆོད། །

ཨོཾ་ཨཱཿབཛྲ་རཱུ་པ་ཧཱུྃ། ཨོཾ་ཨཱཿབཛྲ་རཱ་ས་ཏྲཱྃ། ཨོཾ་ཨཱཿབཛྲ་སྤརྴེ་ཧྲཱིཿ ཨོཾ་ཨཱཿབཛྲ་དྷརྨཱ་དྷཱ་ཏུ་ཨཱཿ ཞེས་མཆོད།

གསུམ་པ་ནི།

ཨོཾ། ཕུང་ཁམས་དྭངས་མ་དྲ་བར་སྡོམ་པའི་དབྱིངས། ། (tsadra: དྲྭ་བར)

བདེ་ཆེན་མཆོག་གིས་དགྱེས་པའི་དམ་ཚིག་ནི། །

བྱང་ཆུབ་སེམས་མཆོག་པཉྩ་ཨ་མྲྀ་ཏས། །

བླ་མ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོད། །

ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི།

 

ཨཱཿ སྲོག་རྩོལ་དབུ་མའི་དབྱིངས་སུ་བསྒྲལ་བ་ལས། །

ཁམས་གསུམ་གཟུང་འཛིན་རྟོག་ཚོགས་ཀུན་སྤངས་པ། །

འདོད་ཆགས་རྣམ་དག་མ་ཧཱ་རུ་དྷི་རས། །

བླ་མ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོད། །

ཨོཾ་མ་ཧཱ་རཀྟ་ཁཱ་ཧི།

 

ཧཱུྃ། ཚོགས་དྲུག་ཡུལ་དང་ཡུལ་ཅན་མ་ལུས་ཀུན། །

འོད་གསལ་དབྱིངས་སུ་ཐིམ་པའི་འདོད་ཡོན་གཏེར། །

རྡོ་རྗེའི་ལོངས་སྤྱོད་མ་ཧཱ་བ་ལིཾ་ཏས། །

བླ་མ་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་མཆོད། །

ཨོཾ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི།

བཞི་པ་ནི།

ཧོཿ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ། །

རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན། །

འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས། །

གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག །

ཨ་ནུ་རཱ་ག་མ་ཧཱ་པཱུ་ཛ་ཧོཿ།

ལྔ་པ་ནི།

ཨ། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །

ཆོས་རྣམས་རྣམ་དག་ཡེ་ནས་འོད་གསལ་ཞིང་། །

རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པ། །

མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །

ཛྙཱ་ན་དྷཱ་ཏུ་བོ་དྷི་ཙིཏྟ་ཨཿ

གསུམ་པ་བཤགས་པ་ནི།

ཐལ་མོ་སྦྱར་བས་བཏུད་དེ། སྤྲོ་ན་རུ་དྲའི་སྨྲེ་བཤགས་སོགས་ཇི་ལྟར་རིགས་པ་དང་། གང་ལྟར་ཡང་།

དྲན་པས་སྲིད་ཞིའི་གདུང་བ་ཀུན་སེལ་བའི། །

ཕྱོགས་བཅུ་དུས་བཞིའི་རྩ་བརྒྱུད་བླ་མ་དང་། །

དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས། །

རྡོ་རྗེ་དམ་ཅན་མ་ལུས་དགོངས་སུ་གསོལ། །

དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །

སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ། །

སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒྲུབ་པའི་ཕྱིར། །

ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་། །

གསང་བའི་དམ་ཚིག་གྲངས་སུ་མ་ནོས་པ་ལས། །

དམ་བཅའ་བཀའ་ལས་འདའ་བར་མི་བགྱི་སྟེ། །

ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར། །

འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །

ཕྲག་དོག་ལ་སོགས་ཤོར་ནས་ནོངས་བགྱིས་པ། །

རྡོ་རྗེ་སློབ་དཔོན་སྟོན་པ་སྒྲོན་མེ་ལ། །

སྙིང་ནས་སྨད་ཅིང་དམ་ཚིག་ཉམས་པ་དང་། །

དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་རྣམས་ལ། །

ངན་སེམས་ལོག་པར་ལྟ་བ་ལ་སོགས་པ། །

སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །

 

ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་། །

སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་། །

དུས་དྲུག་ལས་ཀྱི་མཆོད་པ་ཁྱད་པར་དུ། །

བསྙེན་སྒྲུབ་སྐོང་བའི་ཆོ་ག་མ་བགྱིས་ཏེ། །

བཀའ་ལྟར་མ་ལྕོགས་གཞུང་བཞིན་རྔོ་མ་ཐོགས། །

གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །

 

རྡོ་རྗེ་སློབ་དཔོན་བྱམས་པའི་བཀའ་དྲིན་གྱིས། །

སྙན་ཁུངས་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག །

ཐུགས་ཀྱི་མན་ངག་བྱིན་པས་དམ་ཚིག་འདྲེས། །

གསང་མཚམས་འདས་ནས་འཆོལ་བར་སྨྲས་ལ་སོགས། །

ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །

 

ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ། །

ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །

 

ལེ་ལོ་སྙོམ་ལས་གཉིད་ཀྱི་དབང་གྱུར་ཏེ། །

བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །

 

ལུས་ངག་ཡིད་ཀྱི་བསྲུང་བྱ་འདས་པ་ཡིས། །

སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས། །

 

རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །

ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས། །

 

ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ། །

མངོན་རྟོགས་སྤང་ལེན་བྱེས་པ་མཐོལ་ལོ་བཤགས། །

 

མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ། །

ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས། །

 

ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ། །

གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས། །

 

དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །

དྲིན་ལན་ལན་གྱིས་མ་འཇལ་མཐོལ་ལོ་བཤགས། །

 

མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །

དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །

 

འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ། །

སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས། །

 

སོ་སོར་ཐར་པ་རྣམས་ཀྱི་སྡོམ་པ་དང་། །

བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །

རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སོགས། །

ཉམས་པ་ཐམས་ཅད་མཐོལ་བཤགས་མི་འཆབ་བོ། །

 

མི་སྦེད་སླན་ཆད་གཅོད་ཅིང་སྡོམ་པར་བགྱི། །

དུས་གསུམ་བྱས་པའི་སྡིག་སྒྲིབ་མཐོལ་བཤགས་ན། །

ཚངས་བར་མཛད་ནས་སྐུ་གསུང་ཐུགས་ལ་སོགས། །

མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །

ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླས་པས་དམ་ཚིག་ཉམས་ཆག་གཙོ་བོར་གྱུར་པའི་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་པའི་མཐར།

ཨ། འཁོར་འདས་བྱེད་པོ་བྱང་ཆུབ་སེམས། །

གཞི་མེད་རྩ་བྲལ་རྫོགས་ཆེན་དོན། །

བརྗོད་བྲལ་བློ་འདས་ཆེན་པོ་ལ། །

ཉམས་དང་བཤགས་པའི་མཁན་པོ་མེད། །

 

ཡེ་སྲུང་ཐིག་ལེ་ཉག་གཅིག་པུ། །

སྤང་བླང་ཡོངས་གྲོལ་ཕྱལ་པ་ཆེ། །

རང་ཤར་ལྷུན་གྲུབ་ཆོས་ཀྱི་སྐུ། །

དེ་ལྟར་རྟོགས་ན་བཤགས་པའི་རྒྱལ། །

ཞེས་བརྗོད་ཅིང་འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་གཞག །

བཞི་པ་རྗེས་སུ་ཡི་རང་བ་སོགས་ཡན་ལག་ལྷག་མ་རྣམས་ནི།

རྫོགས་སངས་རྒྱས་ཀུན་བྱང་ཆུབ་སེམས་དཔའ་དང་། །

འཕགས་གཉིས་སོ་སོ་སྐྱེ་བོ་མ་ལུས་པའི། །

དུས་གསུམ་དགེ་བ་བགྱིས་དང་བགྱིད་སྩལ་དང་། །

བགྱིད་པར་འགྱུར་པ་ཀུན་ལ་རྗེས་ཡི་རང་། །

 

གློ་བུར་ཉོན་མོངས་དང་ལྡན་སེམས་ཅན་རྣམས། །

ཁམས་དེའི་རང་བཞིན་དག་པ་མཐོང་བྱའི་ཕྱིར། །

ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །

ཆོས་ཀྱི་འཁོར་ལོ་རྨད་བྱུང་བསྐོར་དུ་གསོལ། །

 

སངས་རྒྱས་འཇིག་རྟེན་ཉི་མ་གང་དུ་བྱོན། །

འགྲོ་བའི་གཉེན་གྱུར་སྲས་དང་བཅས་པ་ཀུན། །

སྲིད་པའི་མུན་ནག་འཐིབ་པོ་བསལ་སླད་དུ། །

འགྲོ་བ་ཇི་སྲིད་སྒྲོན་མེ་མཛད་པར་གསོལ། །

 

ཡོན་ཏན་དགེར་འོས་རྒྱལ་བའི་བྱང་ཆུབ་མཆོག །

སྐྱེ་རྒུ་ཀུན་གྱིས་ཐོབ་པར་བྱ་བའི་ཕྱིར། །

བསོད་ནམས་ཕུང་པོ་ཡོངས་སུ་བསྔོ་བགྱིས་པས། །

འགྲོ་ཀུན་ཐར་པའི་ལམ་དུ་ཕྱིན་པར་ཤོག །

བཞི་པ་ལམ་དབང་ཐོད་བརྒལ་ཏུ་བླང་བ་ནི་མཎྜལ་ཕུལ། ཐལ་མོ་སྦྱར་བས་བཏུད་དེ།

རྡོར་སེམས་གཙོ་བོ་ཁྱོད་ལ་འདུད། །

ཐར་ལམ་ཆེན་པོ་བདག་འདོད་དེ། །

དེ་ཉིད་དབང་དང་དམ་ཚིག་དང་། །

མགོན་པོ་དཔའ་བོར་སྐྱབས་སོང་ནས། །

ཐེག་ཆེན་ཁང་པར་གཞུག་པ་དང་། །

མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །

ཞེས་ལན་གསུམ་གྱིས་གསོལ་བ་གདབ།

རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱ་དང་བཅས་ལྷག་པའི་བསམ་པ་བརྟན་པོས།

བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །

དེ་འདྲ་ཁོ་ནར་བདག་གྱུར་ཅིག །

སྤྱོད་པ་རྨད་བྱུང་བསམ་ཡས་པ། །

འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །

བྱང་ཆུབ་སེམས་མཆོག་དམ་པ་དང་། །

སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །

སྲོག་གི་ཕྱིར་ཡང་མི་གཏོང་ན། །

རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། །

ཅེས་སྡོམ་པ་གཟུང་།

དངོས་གཞིའི་སླད་དུ། ཡན་ལག་བདུན་པ་སྔོན་དུ་འགྲོ་བ་ཅན་གྱི་གསོལ་བ་གདབ་པ་ནི།

བྱིན་རླབས་ཆར་འབེབས་དངོས་བརྒྱུད་བླ་མ་དང་སོགས་ནས།

བདེ་གཤེགས་ཁམས་ཀྱི་ཡོན་ཏན་མཐར་ཕྱིན་སྩོལ། །

ཞེས་གསོལ་བ་བཏབ་པས་བླ་མ་རྡོ་རྗེ་སེམས་དཔའི་སྨིན་མཚམས་ཀྱི་མཛོད་སྤུ་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོ་ནམ་མཁའ་གང་བར་སྤྲོས་ཏེ། །

རིག་པའི་ལྷ་མོ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་བྱང་ཆུབ་སེམས་ཀྱི་བདུད་རྩིས་སྤྱི་བོ་ནས་དབང་བསྐུར་བར་གྱུར། །

ཨོཾ། ལྷ་ཡི་ཆུ་ནི་རྣམ་དག་པ། །

རྡོ་རྗེ་གསང་གསུམ་གནས་ལས་བྱུང་། །

རིག་པའི་ལྷ་མོའི་ཚོགས་ལྡན་པའི། །

རང་བཞིན་གཅིག་ཏུ་གྱུར་པ་ཡིན། །

ཨོཾ་གུ་རུ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མི། །

ཞེས་གསུང་ཞིང་དབང་བསྐུར་བས་བདེ་བ་ཆེན་པོའི་བདུད་རྩིས་ལུས་ཀྱི་ནང་ཐམས་ཅད་གང་། །

ཐ་མལ་སྣང་ཞེན་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། །

ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོར་སྨིན་པར་བྱས། །

ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུར་བརྒྱན། །

དབང་གི་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར། །

དེས་ལུས་ཀྱི་ལས་དང་རྩའི་སྒྲིབ་པ་དག །

སྐུ་རྡོ་རྗེའི་བྱིན་རླབས་ཞུགས། །

བུམ་པའི་དབང་ཐོབ། །

བསྐྱེད་རིམ་གྱི་སྣོད་དུ་གྱུར། །

རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། །

སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གི། །

གསང་དབང་གི་སླད་དུ། །

བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་སྲས་དང་བཅས་པ་སྤྱན་དྲངས། །

ཡབ་ཀྱི་ཞལ་དུ་ཞུགས། །

ཐུགས་ཀར་རྗེས་ཆགས་ཀྱི་མེས་ཞུ་བ་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་སོན་པ་ཉིད་ལྕེ་ཐོག་ཏུ་བཞག་པར་གྱུར། །

ཇི་ལྟར་རྒྱལ་བ་བདེ་གཤེགས་ཀྱིས། །

རང་གི་སྲས་མཆོག་དབང་བསྐུར་བཞིན། །

བྱང་ཆུབ་སེམས་ནི་དག་པའི་ཆུས། །

རྟོག་པའི་དྲི་མ་བསལ་བར་བྱ། །

ཨོཾ་མ་ཧཱ་བོ་དྷི་ཙིཏྟ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ།

ཞེས་པས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང་། །

ཁམས་ཞུ་བའི་བདེ་བས་དུག་གསུམ་གྱི་རྟོག་ཚོགས་སྦྱངས། །

དེས་ངག་གི་ལས་དང་། །

རླུང་གི་སྒྲིབ་པ་དག །

གསུང་རྡོ་རྗེའི་བྱིན་རླབས་ཞུགས། །

གསང་བའི་དབང་ཐོབ། །

བཟླས་བརྗོད་ཀྱི་སྣོད་དུ་གྱུར། །

ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། །

ལོངས་སྤྱོད་རྫོགས་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ། །

དབང་གསུམ་པའི་སླད་དུ།

བླ་མ་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས་གཟུགས་དང་ལང་ཚོ་ལྡན་པའི་རིག་མ་རིགས་ཀྱི་ཡུམ་གྱི་ངོ་བོ་ཅན་སྤྲོས་ཏེ་ཐར་པ་བསྟེན་པར་བསྐུལ་བར་གྱུར། །

དགའ་བའི་གནས་ཆེན་ལྷ་མོ་འདི། །

སྣ་ཚོགས་སྒྱུ་རྩལ་ཡིད་དུ་འོང་། །

ལེགས་པར་ཟུངས་ཤིག་བློ་གྲོས་ཅན། །

དགའ་བདེའི་མཆོད་པ་རྟག་ཏུ་གྱིས། །

པདྨ་བྷཉྫ་མོ་ཀྵ་ཧོཿ

ཞེས་པས་རིག་མ་དང་འདུ་ཤེས་གསུམ་གྱིས་མཉམ་པར་སྦྱར་བས་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་བརྟན་པར་བྱས། །

དེས་ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །

ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། །

ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །

བདེ་སྟོང་ཙཎྜ་ལཱིའི་སྣོད་དུ་གྱུར། །

ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། །

ཆོས་སྐུའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ། །

དབང་བཞི་པའི་སླད་དུ།

བླ་མ་རྡོ་རྗེ་སེམས་དཔའི་ཞལ་ནས་རྡོ་རྗེའི་ཚིག་གིས་དབུགས་ཕྱུང་བར་གྱུར། །

སེམས་དཔའ་སངས་རྒྱས་ཀུན་གྱི་གནས། །

རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །

གསང་བ་མཆོག་གིས་དགྱེས་པ་ན། །

ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །

ཞེས་ངོ་སྤྲོད་པ་ལ་བརྟེན་ནས་དོན་གྱི་རྡོ་རྗེ་སེམས་དཔའ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་སོ་སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱངས་པའི་མོས་པས་གནས་ལུགས་མ་བཅོས་པའི་དབྱིངས་སུ་མཉམ་པར་གཞག །

དེས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག །

ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། །

ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། །

ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། །

ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། །

མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་པ་རྒྱུད་ལ་བཞག་གོ། །

ཞེས་བརྗོད་ཅིང་སོ་སོའི་མཐར་དབང་དོན་གྱི་ཡེ་ཤེས་ཡུན་རིང་དུ་སྐྱོང་བ་ནི་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་ཡིན་ལ། ཚུལ་འདི་ལྟ་བུའི་ཏིང་ངེ་འཛིན་གྱི་དབང་བསྐུར་རྣམས་ནི་དམིགས་པ་གསལ་ཞིང་བརྟན་པ་ཁོ་ནས་དོན་གྲུབ་པས་རགས་པ་བརྡའི་དབང་རྫས་ལ་བརྟེན་མི་དགོས་མོད། སྒྲུབ་མཆོད་ལྟ་བུ་སྤྲོས་པ་དང་འབྲེལ་བའི་སྐབས་བརྡའི་དབང་རྫས་བླངས་ནའང་མི་འགལ་བས། དེ་ལྟར་ན་འོག་ཏུ་དབང་གི་སྐབས་སུ་བཤད་པ་བཞིན་སྦྱོར་བའི་སྐབས་སུ་དབང་རྫས་བཤམ་པ་དང་། དངོས་གཞིའི་སྐབས་བུམ་པ་བསྒྲུབ་པའང་བྱའོ།

ལྔ་པ་ཚོགས་ཀྱི་མཆོད་པ་ནི།

ཐབས་ཤེས་ཀྱི་རྫས་རྣམས་ལ་བསང་ཆུ་དང་བདུད་རྩིས་བྲན།

ཨོཾ། ཡེ་ཤེས་སྐུ་མཆོག་སོགས་བརྗོད་མེད་དོན་གྱི་བཤགས་པས་རྒྱུད་སྦྱངས་ནས།

སྤྲོ་ན་སྨན་གཏོར་རཀྟ་མར་མེའི་སྐོང་བ་སོགས་སྔོན་དུ་འགྲོ་བས་ཚོགས་རྫས།

རྃ་ཡྃ་ཁྃ་གིས་བསང་སྦྱང་།

སྟོང་ཉིད་རང་རྩལ་ཡེ་ཤེས་མེ་རླུང་ཆུས། །

ཚོགས་རྫས་གཟུང་འཛིན་དྲི་མ་བསྲེགས་གཏོར་བཀྲུས། །

དབྱིངས་ཀྱི་སྣོད་དུ་རིག་པའི་བདུད་རྩིའི་བཅུད། །

འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། །

ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་བྱིན་གྱིས་བརླབས།

ཨོཾ། བསོད་ནམས་ཕུང་པོའི་གཟི་བརྗིད་ཚད་མེད་ཅིང་། །

ཡེ་ཤེས་འོད་ཟེར་ཀུན་ཏུ་འཕྲོ་བའི་དཔྱིད། །

འཁོར་ལོའི་དབང་ཕྱུག་བླ་མ་རྡོ་རྗེ་སེམས། །

བདེ་ཆེན་ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས། །

ཨོཾ་གུ་རུ་ཤྲཱི་བཛྲ་སཏྭ་ཨ་ཧྱེ་ཧི་ས་ཚོགས་ཞིང་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར།

ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མཱ་ལེ་ཏྲཱྃ། ཨོཾ་བཛྲ་གཱི་རྟཱི་ཧྲཱིཿ ཨོཾ་བཛྲ་ནཱི་རྟཱི་ཨཿ ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཏྲཱྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ །

ཞེས་སྤྱིར་མཆོད། བྱེ་བྲག་ཚོགས་ཕུད་ཆ་གསུམ་ཏུ་སྤྲོས་ཏེ་དང་པོ་མཆོད་པ་ནི།

ཨོཾ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །

ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །

འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །

དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །

ཨོཾ་གུ་རུ་ཤྲཱི་བཛྲ་ས་ཏྭ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཧོཿ

བར་པ་བཤགས་པ་ནི།

ཧོཿ དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །

རྩ་བ་ཡན་ལག་བཅས་པའི་དམ་ཚིག་ལ། །

སེམས་ཅན་དབང་གིས་ནོར་འཁྲུལ་ཅི་མཆིས་པ། །

མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །

ཞེས་དང་ཡི་གེ་བརྒྱ་པ་བརྗོད།

ཐ་མ་བསྒྲལ་བ་ནི།

རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོ་བོའི་སྐུར་གྱུར། །

ཨེ་ནྲྀ་ཏྲི་ཛཿཧཱུྃ་བྃ་ཧོཿ

གཟུང་འཛིན་གཉིས་སྣང་འཁྲུལ་པའི་དགྲ་དང་བགེགས། །

ཡེ་ཤེས་བཞི་ཡི་ཕྱག་རྒྱས་དགུག་ཅིང་བསྟིམ། །

བདེ་ཆེན་དབྱིངས་སུ་བསྒྲལ་བའི་དམ་ཚིག་མཆོག །

བླ་མ་ཧེ་རུ་ཀ་དཔལ་ཞལ་དུ་སྦྱོར། །

ཨོཾ་གུ་རུ་ཤྲཱི་བཛྲ་ཧེ་རུ་ཀ་ས་པ་རི་ཝཱ་ར་སརྦ་བིགྷྣན་ཤ་ཏྲཱུན་ཁ་ཁ་ཁཱ་ཧི་ཁཱ་ཧི།

དེ་ནས་སྐབས་འདིར་སྤྲོ་ན་རིག་འཛིན་བརྒྱུད་པའི་སྐོང་བཤགས་སོགས་ཇི་ལྟར་རིགས་པ་བྱ། རང་ཉིད་རྡོར་སེམས་སུ་གསལ་བས་ཚོགས་རྫས་རྣམས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ་པའི་མཐར།

ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་གྱིས། །

ཚོགས་རྫོགས་སྒྲིབ་བྱང་ཉམས་ཆག་རྟོག་སྒྲིབ་དག །

རྩ་རླུང་ཐིག་ལེའི་འདུ་བ་དབུ་མར་རྫོགས། །

གཟུང་འཛིན་འོད་གསལ་དབྱིངས་སུ་སྨིན་པར་ཤོག །

ཅེས་སོགས་སྨོན་ལམ་གདབ།

ལྷག་མ།

ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ

ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོར་གྱུར། །

ཨེ་ཨཱ་རལླྀ་ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ་ཞེས་པས་ལྷག་སྡུད་རྣམས་སྤྱན་དྲངས་ནས།

ཧཱུྃ། བདེ་ཆེན་རྡོ་རྗེ་སེམས་དཔའི་ཕོ་ཉ་ནི། །

དབྱིངས་ཀྱི་ཐིག་ལེ་ཡེ་ཤེས་ཕྱག་རྒྱའི་གཟུགས། །

གནས་ཡུལ་མ་མོ་མཁའ་འགྲོ་ཞིང་སྐྱོང་ཀུན། །

ལྷག་གཏོར་བཞེས་ལ་ཕན་བདེའི་ཕྲིན་ལས་སྒྲུབས། །

ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ།

ཞེས་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་ཏེ་གཙང་སར་གཤེགས།

གསུམ་པ་རྗེས་ལ་གཉིས། རྗེས་ཆོག་དངོས་དང་། ལས་རིམ་གཞན་བཤད་པའོ།

དང་པོ་ལ། གཏང་རག་མཆོད་བསྟོད་ནོངས་པ་བཤགས། ཉེར་བསྡུ་བསྔོ་སྨོན་བཀྲ་ཤིས་སོ། ཞེས་ལྔ་ལས།

དང་པོ་ནི།

ཨོཾ་ཨཱཿཧཱུྃ།

དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི། །

ཀུན་ཏུ་བཟང་པོའི་བླ་མེད་མཆོད་སྤྲིན་གྱིས། །

མཁའ་དབྱིངས་རྣམ་དག་རྒྱ་ཆེར་ཡོངས་བཀོད་དེ། །

ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །

ཨོཾ་གུ་རུ་ཤྲཱི་བཛྲ་སཏྭ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱ་ཙྪི་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི།

དཔལ་ལྡན་བླ་མ་རིགས་རྣམས་ཀུན་གྱི་བདག །

བདེ་ཆེན་རྡོ་རྗེ་སེམས་དཔའི་རྣམ་རོལ་ཅན། །

རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཆེར། །

རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད། །

ཅེས་མཆོད་ཅིང་བསྟོད།

གཉིས་པ་ནི།

ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས་པའི་མཐར།

ཧོཿ རང་བཞིན་ངང་ལ་ཉེས་པའི་སྐྱོན་མེད་པས། །

བཤགས་དང་བཤགས་པར་བྱེད་པ་ཅུང་ཟད་མེད། །

ཀུན་རྫོབ་སྒྱུ་མ་ཙམ་དུ་བཤགས་ན་ཡང་། །

གཉིས་མེད་སེམས་ཀྱི་ངང་དུ་དག་གྱུར་ཅིག །

ཅེས་རྟོགས་པ་བསྐྱེད།

གསུམ་པ་ནི།

རྟེན་ཡོད་ན་བརྟན་བཞུགས་སྤྱི་ལྟར་བྱ།

བདེ་སྟོང་ཟུང་འཇུག་བླ་མ་རྡོ་རྗེ་སེམས། །

སྙིང་དབུས་མི་ཤིགས་ཐིག་ལེར་རོ་གཅིག་ཐིམ། །

རང་དང་སྣང་བ་ཐམས་ཅད་འོད་གསལ་ངང་། །

སླར་ཡང་སྒོ་གསུམ་ལྷ་སྔགས་ཆོས་སྐུར་ཤར། །

ཞེས་བརྗོད་ཅིང་བསམས་ལ། ཡི་གེ་བརྒྱ་པས་བརྟན་པར་བྱ།

བཞི་པ་ནི།

ཧོཿ སྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་དུ། །

ཡོངས་གྲུབ་ཆེན་པོའི་མོས་གུས་ལ་གོམས་པས། །

རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །

མངོན་སུམ་འགྲུབ་ནས་འགྲོ་ཀུན་འདྲེན་པར་ཤོག །

 

དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །

དལ་འབྱོར་མཆོག་ཐོབ་ངེས་འབྱུང་སྙིང་རྗེར་ལྡན། །

དབང་གིས་སྨིན་ཅིང་དམ་ཚིག་རྣམ་པར་དག །

རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག །

ལྔ་པ་ནི།

གདོད་མའི་མགོན་པོ་རིགས་ལྔ་གང་ཆེན་མཚོ། །

སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་ཞིང་ཁམས་ལ། །

བསྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡི། །

སྒྲོན་མེའི་བསྐལ་པ་བཟང་པོའི་བཀྲ་ཤིས་ཤོག །

 

སྟོང་གསུམ་མི་མཇེད་རྡོ་རྗེ་ཐེག་པའི་ཞིང་། །

འཕུར་འགྲོའི་བསྟན་པ་འབྱུང་གནས་ཨོ་རྒྱན་ཡུལ། །

གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེའི། །

ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག །

 

འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདན། །

པཎ་གྲུབ་ཆོས་རྒྱལ་འཛོམས་པ་ཆོས་འཁོར་གསུམ། །

མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངས། །

རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག །

ཅེས་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ།།

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Vajrasattva with consort

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept