བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

སྐྱེ་ཕྲེང་གསོལ་འདེབས།

English | བོད་ཡིག

༄༅། །སྐྱེ་ཕྲེང་གསོལ་འདེབས།

 

རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་མཁྱེན་པའི་གཏེར། །

འཇམ་དཔལ་བཤེས་གཉེན་ཆོས་རྒྱལ་ཁྲི་སྲོང་ཞབས། །

གང་དེའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །

རྣམ་འཕྲུལ་དུ་མར་སྣང་ལ་གསོལ་བ་འདེབས། །

 

འཇའ་ལུས་འཆི་མེད་སྐུ་བརྙེས་བཱི་མ་ལ། །

རྗེ་བཙུན་གྲགས་པ་རས་ཆུང་རྡོ་རྗེ་གྲགས། །

ནགས་ཀྱི་རིན་ཆེན་བརྩོན་འགྲུས་བཟང་པོ་སོགས། །

ངོ་མཚར་སྤྲུལ་པའི་ཕྲེང་བར་གསོལ་བ་འདེབས། །

 

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །

མཁྱེན་བརྩེའི་དབང་ཕྱུག་ནམ་མཁའི་མཚན་ཅན་སོགས། །

གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་པ་ཡིས། །

རིས་མེད་བསྟན་པ་སྤེལ་ལ་གསོལ་བ་འདེབས། །

 

དེང་འདིར་མཁས་གྲུབ་དམ་པའི་རིགས་སུ་འཁྲུངས། །

མཁྱེན་རབ་མཐའ་ཡས་ངེས་འབྱུང་བྱང་སེམས་འབྱོངས། །

ཚུལ་ཁྲིམས་དག་ཅིང་གསན་བསམ་སྒོམ་གསུམ་རྫོགས། །

ཀུན་གྱི་དམ་པར་བསྔགས་ལ་གསོལ་བ་འདེབས། །

 

བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །

འཁོར་ལོ་གསུམ་གྱི་ཕྲིན་ལས་རྨད་དུ་བྱུང་། །

འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ཡི། །

རྣམ་ཐར་དྲན་བཞིན་སྙིང་ནས་གསོལ་བ་འདེབས། །

 

གསང་གསུམ་མི་ཤིགས་རྡོ་རྗེའི་ཆོས་སུ་བརྟན། །

ཟབ་རྒྱས་ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར། །

ཕན་བདེའི་ལེགས་མཛད་ནམ་མཁའི་མཐའ་ཁྱབ་པས། །

བསྟན་འགྲོའི་དགེ་མཚན་རྒྱས་པར་མཛད་དུ་གསོལ། །

 

ནམ་ཞིག་མགོན་ཁྱོད་བྱང་ཆུབ་ཤིང་དྲུང་དུ། །

མངོན་པར་རྫོགས་སངས་རྒྱས་པའི་ཚུལ་བསྟན་ཚེ། །

བདག་སོགས་འཁོར་གྱི་ཐོག་མར་སྐྱེས་ནས་ཀྱང་། །

དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །

 

ཅེས་པའང་རང་ངོས་ནས་ད་ལྟ་བའི་སྤྱོད་པ་མངོན་གྱུར་ཕལ་ཆེར་ཀྱང་བརྗེད་ངེས་ཀྱི་དྲན་པའི་མཐུ་ཆུང་ན། ལྐོག་གྱུར་གྱི་སྐྱེ་ཕྲེང་ཤེས་པའི་རེ་བ་མ་མཆིས་མོད། ཟབ་གཏེར་གྱི་ལུང་དང་དམ་པ་རྣམས་ཀྱི་རྗེས་སུ་གནང་བ་བཞིན་བླ་མ་དགེ་བའི་བཤེས་གཉེན་ཀུན་དགའ་རྒྱ་མཚོས་ནན་དུ་བསྐུལ་བ་ལྟར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་ལྷག་བསམ་དག་པའི་སེམས་ཀྱིས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག །མངྒལཾ།། །།དགེའོ། །

 

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Jamyang Khyentse Wangpo surrounded by previous incarnations

This website uses cookies to collect anonymous usage statistics and enhance the user experience.
Decline
Accept