Tsa-Tsa Consecration Liturgy—Tibetan

Practices › Consecration | Collections & Cycles › Rinchen Terdzö | Collections & Cycles › Khyentse Kabab | བོད་ཀྱི་བླ་མ།འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

English | བོད་ཡིག

འཇམ་དབྱངས་མཁྱེན་བརྩེའི་དབང་པོ།

Vajrasattva (Minling Dorsem)

༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོར་དྲིལ་བ་བཞུགས་སོ། །

 

ན་མོ་གུ་རུ་བཛྲ་སཏྭ་ཡ།

 

འདིར་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪའི་རབ་གནས་དང་། སྒྲུབ་པ་མདོར་བསྡུས་བྱ་བའི་ངག་འདོན་གྱི་རིམ་པ་ལ་གཉིས། རབ་གནས་དང་། སྒྲུབ་པའོ། །

དང་པོ་ནི།

བདག་བསྐྱེད་བཟླས་པ་བཅས་སྔོན་དུ་འགྲོ་བས།

ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་པ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར།

ཨོཾ་བཛྲ་ཨ་མྲྀཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ།

ཅེས་ཅི་ནུས་བཟླས་མཐར།

ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར་པར་བསམ། 

སཱཙྪ་རྣམས་སྟེགས་བུའི་ཁར་ལེགས་པར་བཀོད་པའི་མདུན་དུ་མཆོད་པ་ཅི་འབྱོར་དང་། སྦྱོང་ཆས་སོགས་དགོས་པའི་ཡོ་བྱད་རྣམས་བཤམ།

བགེགས་སྦྱོང་བའི་ཚིག་གནས་ལུང་གི་དཀྱུས་ལྟར་ལ། མི་འདྲ་བའི་ཁྱད་པར།

ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌།

ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌།

གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང༌།

བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རབ་ཏུ་གནས་པའི་ཆོ་ག་བསྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །

གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ།

ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །

ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །

ལྷ་ཡི་ཆུ་ནི་དག་པ་ཡིས། །

དེ་བཞིན་བདག་གིས་ཁྲུས་བགྱིའོ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །

ཐུགས་རྗེའི་ཆུ་ནི་བླ་ན་མེད། །

བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །

ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ།

 

རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །

ཉོན་མོངས་དྲི་མ་མི་མངའ་ཡང་། །

བདག་གཞན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །

གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ།

ཞེས་ཁྲུས་གསོལ།

དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །

གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །

ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ།

ཞེས་སྐུ་ཕྱི།

ཨ་མྲྀཏས་བསང་། 

ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔གིས་སྦྱང་། 

སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ།

དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན།

དར་དང་རིན་པོ་ཆེས་བརྒྱན་པ།

ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿ

ཛཿཧཱུྃ་བཾ་ཧོཿ

གཉིས་སུ་མེད་པར་ཐིམ།

དབང་ལྷས་དབང་བསྐུར།

སྐུ་གང་། དྲི་མ་དག །

ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན།

ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། 

ཕྱག་བྱར་འོས་པ་ཐམས་ཅད་ལ། །

ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །

ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །

མཆོག་ཏུ་དད་པས་ཕྱག་འཚལ་བསྟོད། །ཅེས་བསྟོད། 

རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་སྤྱན་དབྱེ་བའི་ཚུལ་དང་བཅས།

ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཀྱང་། །

གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །

ནམ་མཁའི་མཐའ་གཏུགས་གྱུར་པའི་སེམས་ཅན་རྣམས། །

སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །

ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ།

ཞེས་བརྗོད། སླར་ཡང་མཆོད་ཅིང་བསྟོད་ལ།

བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་རྟེན་རང་གི་རྣམ་པར་གྱུར།

འདིར་ནི་རྟེན་དང་ལྷན་ཅིག་ཏུ། །

འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །

ནད་མེད་ཚེ་དང་དབང་ཕྱུག་དང། །

མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །

ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ།

ཞེས་དང་།

ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱཿ ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏེ་ཧྱ་བ་དཏྟ། ཏེ་ཥཱཉྩ་ཡོ་ནི་རོ་དྷ། ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།

ཞེས་མང་དུ་བཟླས་པའི་མེ་ཏོག་འཐོར།

མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །

སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །

མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །

རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཀྱིས་མཆོད། 

ཕྱག་བྱར་འོས་པ་ཐམས་ཅད་ལ། །

ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །

ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །

མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཀྱིས་བསྟོད། 

ཤིས་བརྗོད་རྒྱས་པར་བྱའོ།།

༈ །།གཉིས་པ་སྒྲུབ་པའི་ཆོ་ག་ནི།

རབ་ཏུ་གནས་པའི་སཱཙྪ་རྣམས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་རྣམས།

རཾ་ཡཾ་ཁཾ།

ཨོཾ་བཛྲ་ཨརྒྷཾ་སོགས། ཤབྡ་ཨཱཿཧཱུྃ།

བཛྲ་སྥ་ར་ཎ་ཁཾ་གིས་བྱིན་བརླབ། 

དེ་ནས་སཱཙྪ་རྣམས་བསང་སྦྱང་།

སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བ་སཱཙྪའི་གྲངས་དང་མཉམ་པའི་བུམ་པའི་དབུས་སུ།

སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ།

སེངྒེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་དཀར་པོ།

དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སོགས་ནས། 

ཡེ་ཤེས་ལྔ་མངོན་དུ་གྱུར།

ཅེས་པའི་བར་ཆོ་གའི་དཀྱུས་ལྟར་བྱ།

ཨོཾ༔ དཔག་མེད་ནམ་མཁའི་ཁམས་སོགས་ནས། 

མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོ༔ ཞེས་པའི་བར་གྱིས་མཆོད། 

ཨོཾ༔ བླ་མ་དཔལ་ལྡན་སོགས་ཚིགས་གཅད་གསུམ་གྱིས་བསྟོད། 

རང་རྡོ་རྗེ་སེམས་དཔར་གསལ་བའི་ཞལ་ནས་སྔགས་ཀྱི་སྒྲ་དབྱངས་སྒྲོག་བཞིན་པས།

དམིགས་ཡུལ་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་བཏབ་པས།

མདུན་བསྐྱེད་ཀྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས།

དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས།

རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་པར་གྱུར།

ཅེས་དམིགས་ལ།

ཨོཾ་བཛྲ་སཏྭ་ཨཱ༔ཅི་ནུས། 

ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལཱ་ཡ༔ བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་ཝ་སུ་པོ་ཥྱོ་མེ་བྷ་ཝ་ཨ་ནུ་རཀྟོ་མེ་བྷ་ཝ་སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཱཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན྄་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུྃ་ཕཊ༔

ཅེས་ཡི་གེ་བརྒྱ་པ་གཙོ་བོར་བཟླས་པའི་བར་མཚམས་ཅི་རིགས་པར།

ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ།

ཅེས་དང་།

ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ།

ཞེས་པའི་སྤེལ་ཚིག་སྦྱར། ཐུན་མཐར་མཆོད་བསྟོད་དང་། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་སོགས་ཀྱིས་གསོལ་བ་གདབ། ནོངས་པ་བཤགས།

མཆོད་རྟེན་ལྷ་དང་བཅས་པ་ཞུ་བ་ལས་སཱཙྪའི་རྣམ་པ་ཇི་ལྟ་བར་གྱུར།

སླར་ཡང་གོང་གི་རབ་གནས་སྐབས་ལྟར་མཆོད་བསྟོད་དང་། བརྟན་བཞུགས་བྱ།

རང་གི་སྙིང་གའི་སོགས་བདག་བསྐྱེད་ཀྱི་མཇུག་གི་ཉེར་བསྡུ་དང་། ལྷར་ལྡང་། བསྔོ་སྨོན། ཤིས་བརྗོད་དཀྱུས་ལྟར་བྱའོ། །

དེ་ལྟ་བུའི་རིམ་པས་སྔགས་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་གམ། གཉིས་སམ། མཆོད་རྟེན་ལས་འོད་འབར་བ་ལ་སོགས་པའི་རྟགས་མ་མཐོང་གི་བར་དུ་བཟླ་བར་གསུངས་སོ། །

དེ་ལྟར་ཚུལ་བཞིན་བསྒྲུབས་པའི་སཱཙྪ་ནི། མཆོག་ཕལ་གང་གི་ཡིན་ཡང་རྟེན་གྱི་ནང་དུ་གཞུག་པ་དང་། ཁང་བུ་བརྩེགས་པའི་མཆོད་རྟེན་སོགས་བགྱིས་ཀྱང་རུང་མོད། མཆོག་རྣམས་ལ་དེ་རྣམས་ཅི་རིགས་པ་དང་། ཕལ་པ་ལ་གནས་དབེན་པར་བཀུར་སྟི་དང་བཅས་ཏེ་བཞུགས་པའམ། རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོར་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་བསམ་ལ་སྨོན་ལམ་དང་བཅས་ཏེ་ལེགས་པར་སྤྱན་དྲང་བར་བྱའོ། །ཆོ་གའི་རིམ་པ་འདི་བཞིན་རྗེས་སུ་བསྒྲུབས་པའི་ཕན་ཡོན་ཡང་། རྒྱུད་ལས།

དེས་ནི་ངེས་པར་དམྱལ་གནས་ནས། །
དེ་བྱས་པས་ནི་གྲོལ་བར་འགྱུར། །
ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། །
གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །

ཞེས་སོགས་རྒྱ་ཆེར་བསྔགས་པ་ལ་ཡིད་ཆེས་པའི་དད་པ་བརྟན་པོས་འབད་པར་བྱ་བར་རིགས་པ་ཉིད་དོ། །

 

ཞེས་པའང་ངག་འདོན་ཁོ་ན་སྙིང་པོར་དྲིལ་ཏེ་ཚད་ལྡན་གྱི་གཞུང་གི་དགོངས་པ་ཇི་ལྟ་བར་ཉེར་མཁོའི་ཡན་ལག་ཏུ་མཉྫུ་གྷོ་ཥས་སོ།། །། 1

 

  1. ༈ དཔེ་ཚན་འདི་སྔོན་ཆད་གཏེར་མཛོད་དཀྱུས་སུ་མེད་ཅིང་། བལ་ཡུལ་ཞེ་དགོན་གྱི་པར་གསར་འདིར་གསར་བཞག་བྱས་པས་ལུང་རྒྱུན་ལ་ཞིབ་རྟོག་དགོས་པ་ཡིན་ནོ།།
This website uses cookies to collect anonymous usage statistics and enhance the user experience.
Decline
Accept