བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟ།
༄༅། །བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཤིང་རྟ།
བྱང་ཆུབ་རྡོ་རྗེ་རིགས་ལྔ་ལྕམ་དྲལ་དང་། །
བདེ་བའི་འཁོར་ལོ་རིག་འཛིན་རྡོ་རྗེ་ཆོས། །
པྲ་བྷ་ཧསྟི་སངས་རྒྱས་པདྨ་སྐྱེས། །
བསྟན་པའི་ཆུ་འགོ་དགོངས་བརྡའ་སྙན་བརྒྱུད་ལ། །
གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །
བི་མ་ལ་དང་བལ་པོ་མཉྫུ་ཤྲཱི། །
རྡོ་རྗེ་སེམས་མ་འགར་སྟོན་ཤེས་རབ་འབྱུང་། །
ཆོས་ཀྱི་རྒྱལ་པོ་ཚངས་པའི་མེ་ཏོག་སོགས། །
རྒྱལ་ལུགས་བརྒྱུད་པའི་བླ་མ་ཐམས་ཅད་ལ། །
གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །
ཇོ་མོ་མཁར་ཆེན་བཟའ་དང་ཅོག་རོ་བཟའ། །
དཔལ་གྱི་དབང་ཕྱུག་དམ་འདྲེ་ཨ་ཙ་རས། །
སྨད་ལས་རྩལ་ཐོན་ལག་ལྷག་བྱང་ཆུབ་སོགས། །
ཇོ་ལྕམ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །
གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །
རྡོ་རྗེ་བདུད་འཇོམས་ཨ་ཙར་དཔལ་མེ་ཏོག །
རྡོ་རྗེ་གཞོན་ནུ་ཞང་ཞུང་ཡོན་ཏན་གྲགས། །
ཡོན་ཏན་རིན་ཆེན་ཀུན་མཁྱེན་རོང་ཟོམ་སོགས། །
སྣ་ནམ་བརྒྱུད་པའི་བླ་མ་ཐམས་ཅད་ལ། །
གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །
ཕྱི་ཡུལ་སྣང་ཆར་དགྲ་བགེགས་གཉིས་ལ་ཐེབས། །
སེམས་མེད་འབྱུང་བ་ཆུ་ཡང་ཆམ་ལ་ཕབ། །
གཉགས་ལོ་མཆོག་དང་ལྷ་དཔལ་འོ་བྲན་སོགས། །
ཤམ་སྔོན་བརྒྱུད་པའི་བླ་མ་ཐམས་ཅད་ལ། །
གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །
ནང་དུ་རང་རྒྱུད་ཉོན་མོངས་དུག་ལྔར་ཐེབས། །
མཚན་མ་རྫས་ཀྱི་ཕུར་པས་མུ་སྟེགས་བཏུལ། །
རྣལ་འབྱོར་དབང་ཕྱུག་འདར་ཕྱར་ལ་སོགས་པ། །
དཔལ་ཆེན་ཕུར་པའི་གྲུབ་ཐོབ་ཐམས་ཅད་ལ། །
གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །
དོན་དམ་བྱང་ཆུབ་སེམས་ཀྱི་ཕུར་པ་ནི། །
རྟོགས་པ་ཆོས་སྐུའི་ངང་ནས་དགོངས་བརྒྱུད་དང་། །
རིག་འཛིན་མཁའ་འགྲོའི་བརྡའ་ལས་སྙན་བརྒྱུད་རྫོགས། །
པདྨས་ལུང་བསྟན་འཇིགས་མེད་གླིང་པ་ལ། །
གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །
ཁ་སྐོང་ནི།
གྲུབ་པའི་དབང་ཕྱུག་ཀུན་བཟང་གཞན་ཕན་སོགས། །
བྱིན་རླབས་བཀའ་བབས་བརྒྱུད་པའི་བླ་མ་དང༌། །
ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་རྒྱ་མཚོའི་གཟུགས། །
དྲན་པས་གདུང་སེལ་རྩ་བའི་བླ་མ་ལ། །
གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་པོབ། །
རྡོ་གྲུབ་བཞི་པས་སོ། །
ཕྲིན་ལས་འོད་ཟེར་འཇིགས་མེད་ཆོས་ཀྱི་གྲགས། །
གཞན་ཕན་མཐའ་ཡས་ཐུབ་བསྟན་རྒྱལ་མཚན་དཔལ། །
དཔལ་ལྡན་ཆོས་གྲགས་ཕན་བདེའི་འོད་ཟེར་ཞབས། །
གསོལ་བ་འདེབས་སོ་བྱིན་རླབས་ཆར་ཆེན་ཕོབ། །
ཁ་སྐོང་ཤློ་ཀ་འདི་ཛྙཱ་ནས་སོ། །
བདག་ཉིད་རྩ་བའི་དཀྱིལ་འཁོར་ཡབ་ཡུམ་དང་། །
སྲས་མཆོག་རིགས་ལྔ་ཕུར་པ་རྫས་ཀྱི་ལྷ། །
ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཁྲ་ཐབས་དང་། །
དཀྱིལ་འཁོར་མུ་རན་སྐྱོང་བའི་ཕུར་སྲུང་ལ། །
གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ། །
དབང་ཕྱུག་བརྒྱད་ལྡན་རྡོ་རྗེ་སློབ་དཔོན་གྱིས། །
རིགས་དབང་ལྔ་དང་ལྷ་དབང་ཞེ་གཉིས་ཀྱི། །
རྡུལ་ཚོན་དཀྱིལ་འཁོར་ཆེན་པོར་སྨིན་བྱས་ནས། །
སྐྱེ་གནས་བཞི་ཡི་བག་ཆགས་སྦྱོང་ཚུལ་ལས། །
གཟུགས་ཕུང་རྩ་དང་བཅས་པའི་སྣང་ཞེན་ཀུན། །
ལྷར་སྣང་ཕྱག་རྒྱ་ཆེན་པོར་སྨིན་པར་ཤོག །
བླ་མ་ཡབ་ཡུམ་རྡོ་རྗེ་ཕུང་པོའི་གྲོང་། །
ཞུ་བདེའི་འགྲོས་ཀྱིས་དྲངས་བའི་བྱང་ཆུབ་སེམས། །
དུས་སྦྱོར་བཅུ་གཉིས་རླུང་གི་གཤེད་གྱུར་ནས། །
སྒྲ་གྲགས་ཤེས་རབ་དབྱངས་ཀྱི་རོལ་མོ་འཁྲོལ། །
རླུང་ཁམས་ཡི་གེའི་གདངས་སུ་གྲོལ་བར་ཤོག །
བདེ་བའི་བདག་ཉིད་རི་དྭགས་མིག་ཅན་མ། །
པདྨ་བྷཉྫ་མོཀྵ་ལ་སྦྱར་བས། །
དགའ་བ་རྣམ་བཞིས་དྲངས་པའི་དཔེའི་ཡེ་ཤེས། །
སྣང་མཆེད་ཐོབ་པའི་ཕ་མཐར་མཐོང་བར་ཤོག །
རྣམ་ཐར་གསུམ་གྱི་དཀྱིལ་འཁོར་ལ་བརྟེན་ནས། །
དོན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་དབྱིངས། །
རྣམ་པར་མི་རྟོག་མཐོང་ལམ་དང་འགྲོགས་ནས། །
ས་བཅུའི་རྒྱུན་མཐའ་རྡོ་རྗེ་ཕུར་པའི་ཞལ། །
ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས། །
སྟོད་ལས་ལ་བརྟེན་རིག་འཛིན་རྣམ་པ་བཞིའི། །
གོ་འཕང་མངོན་གྱུར་རྟོགས་པས་བདག་རྒྱུད་བསྒྲལ། །
སྨད་ལས་ལ་བརྟེན་ཐུགས་རྗེས་གཞན་སྒྲོལ་བའི། །
ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པར་ཤོག །
ཅེས་པའང་བླ་བྲང་དཔལ་སྡིངས་པ་དང་། ཡང་ཞབས་པས་བསྐུལ་བའི་ངོར། བཀའ་ཡི་བསྡུ་བ་པོས་སོ།། །།
