བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཡུམ་ཀ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ༔

English | བོད་ཡིག

འུྃ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཡུམ་ཀ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ་བཞུགས༔

བདག་ཉིད་ཆེན་པོ་པདྨ་ནི༔
དབྱིངས་ཀྱི་ཡུམ་ལ་དབང་བསྒྱུར་བས༔
མཁའ་འགྲོ་ཡོངས་ཀྱི་མིང་པོ་ཡིན༔

 

ཆུ་སྐྱེས་ཞལ་གྱི་གེ་སར་ལས༔
བྱུང་བའི་ལྷ་མོ་མྱུར་དཔའ་སྒྲོལ༔
གངས་རིའི་ཁྲོད་ན་མི་མོའི་ཚུལ༔
ཕྱི་ལྟར་དབྱངས་ཅན་མཚོ་རྒྱལ་མ༔
ནང་ལྟར་རྗེ་བཙུན་སྒྲོལ་མ་དངོས༔
གསང་བ་རྡོ་རྗེ་ཕག་མོ་ཡིན༔

བསྙེན་པ་དབྱིངས་ཀྱི་ཡུམ་ལ་བྱ༔
དོན་གྱི་ཕག་མོའི་ཞལ་མཐོང་འགྱུར༔
ཕྲིན་ལས་ཐུགས་རྗེའི་རྩལ་ཤུགས་ནི༔
བྱེ་བ་ཕྲག་བརྒྱའི་སངས་རྒྱས་དང་༔
སེམས་དཔའ་མཆོག་རྣམས་བསྙེན་བཀུར་ཞིང་༔
འགྲོ་སྒྲོལ་ཐུགས་བསྐྱེད་དམ་བཅའ་ལ༔
དཔའ་ཞིང་ཐུགས་རྗེ་མྱུར་བས་ན༔
བཅོམ་ལྡན་སྣང་བ་མཐའ་ཡས་དང་༔
བསྐལ་བཟང་སངས་རྒྱས་སྟོང་རྩ་ཡིས༔
བསྟོད་བསྔགས་རྒྱལ་སྲས་རྣམས་ཀྱིས་བསྟེན༔

ས་དང་ཕ་རོལ་ཕྱིན་པ་ལ༔
དབང་བསྒྱུར་སྒྲོལ་མ་རྣལ་འབྱོར་མའི༔
རྣམ་པར་སྒྲུབ་པས་བྱིན་རླབས་མྱུར༔ ས་མ་ཡ༔

 

དེ་ལ་ལས་ཚོགས་ཉེར་གཅིག་གི༔

དང་པོ་ཚད་མེད་བཞི་བསྒོམས་ནས༔
གཞན་ཕན་རྟེན་འབྲེལ་བསྒྲིགས་པ་གཅེས༔
སྙན་གྲགས་རྩ་བ་བྱང་ཆུབ་སེམས༔
རང་སྣང་འགྱུར་ཚེ་གཞན་སྣང་འགྱུར༔

རྩ་བའི་སྒྲུབ་པས་ཁོག་ཕུབས་ལ༔
ཡེ་ཤེས་སེམས་དཔའ་གནས་བསྒྱུར་ནི༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

མྱུར་མ་དཔའ་བའི་རྗེ་བཙུན་མ༔

དམར་མོ་ཁྲོ་འཛུམ་ཆགས་པའི་ཉམས༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

གཡས་འཁྱིལ་དུང་མཚན་ཨུཏྤལ་འཛིན༔

གློག་ལྟར་མྱུར་བའི་སྤྱན་གཡོས་པས༔

ལྷ་དང་བཅས་པའི་འཇིག་རྟེན་ན༔

བདག་གི་སྙན་གྲགས་གསལ་བར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏྭ་རེ་ཏུཏྟཱ་རེ་ཏུ་རེ་བོ་དྷི་ཙིཏྟ་སྭཱ་ཧཱ༔

ཐུགས་ཀར་ཟླ་གདན་ལ་ཏཱཾ་ཡིག་བཀོད་པའི་མཐར་བསྐོར་སྔགས་ཕྲེང་ལས་མཐུན་གྱི་འོད་ཟེར་འཕྲོས་པར་བསམ་མོ། མཆན།

ཐུན་མཚམས་མཆོད་ཅིང་ཡིག་བརྒྱས་བཤགས༔

ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །

སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །

འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །

གེ་སར་བྱེ་བ་ལས་ནི་བྱུང་མ། །

ཤླཽ་ཀ་ཉིད་བརྒྱ་ཚར་བརྗོད༔

སྨོན་སེམས་བསྐྱེད་ཅིང་དགེ་བ་བསྔོ༔

ཀུན་ལ་ཐུན་མཐར་ཚོགས་འཁོར་བསྐོར༔

ལས་མཐའ་མེ་མཆོད་ཉིད་ལ་གཏད༔
རྣོ་ལ་ངར་གྱིས་གདགས་པ་བཞིན༔
ས་མ་ཡ༔

 

༈ གཉིས་པ་བློ་དང་ཤེས་རབ་སྒྲུབ༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

དབྱངས་ཅན་མ་ནི་སྟོན་ཟླའི་ཞལ༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

མེ་ལོང་ཧྲཱིཾ་མཚན་ཨུཏྤལ་འཛིན༔

འོད་ཟེར་འཕྲོས་པས་རྒྱལ་རྣམས་ཀྱི༔

མཁྱེན་རབས་སོ་སོ་ཡང་དག་རིག༔

སྐར་མ་སྟོང་ཕྲག་ཚོགས་པ་ལྟའི༔

བློ་གྲོས་གཏེར་ཁ་ཕྱེ་བར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲཛྙཱ་ཧྲཱིཾ་ཧྲཱིཾ༔སྭཱ་ཧཱ༔

རྨོངས་པའི་རྒྱུ་ནི་མ་རིག་པ༔
ནད་དང་གདོན་ཡང་དེ་ལ་བརྟེན༔

རིག་པ་འདི་སྒྲུབ་སྐྱེས་བུ་ནི༔
ཤེས་རབ་ལྷ་ཡིས་རྗེས་སུ་འཛིན༔

ཐུན་མཚམས་གོང་འདྲ༔

ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །

གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །

སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱི། །

རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །

བརྗོད༔ ས་མ་ཡ༔

 

༈ གསུམ་པ་བསོད་ནམས་སྟོབས་བསྐྱེད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

སེར་མོ་བསོད་ནམས་མཆོག་སྟེར་མ༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཆུ་སྐྱེས་སྟེང་ན་རིན་ཆེན་འཛིན༔

སྐུ་ལས་ཉི་གཞོན་འཆར་ཀའི་འོད༔

འཕྲོས་པས་བྱང་ཆུབ་སེམས་དཔའ་ཡི༔

འཇུག་པའི་སྤྱོད་པ་བདག་དབང་གྱུར༔

ཀུན་གྱིས་བརྫི་བར་མི་ནུས་པའི༔

དབང་བཅུའི་ཡོན་ཏན་ཐོབ་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་ཏུ་རེ་མ་ཧཱ་པུཎྱེ་སྭཱ་ཧཱ།

བསོད་ནམས་མེད་ན་ལོངས་སྤྱོད་དང་༔
ཚེ་ཡང་རྟག་པར་མི་ནུས་ན༔
ཆོས་དོན་གཉེར་ལ་སྨོས་ཅི་དགོས༔
དེ་ཕྱིར་འདི་ལ་བརྩོན་པར་གྱིས༔

ཐུན་མཚམས་གོང་འདྲ༔

ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི། །

པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །

སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །

བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །

བརྗོད༔ས་མ་ཡ།

 

༈ བཞི་པ་འཆི་མེད་ཚེ་སྒྲུབ་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

གཙུག་ཏོར་རྣམ་རྒྱལ་གསེར་མདོག་ཅན༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་ཚེ་བུམ་འཛིན༔

འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི༔

དྭངས་བཅུད་བདག་ལ་ཐིམ་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ༔ཡུར་དཱ་ཏེ་བྷྲཱུྃ་སྭཱ་ཧཱ༔

སྤྲོས་པ་ཅན་ལ་ཚེ་རྫས་བཤམས༔

ཚེ་དབང་བདུད་རྩི་བུམ་བཅུད་ཀྱི༔
སྔགས་ལ་ཚིག་འཕྲད་བསྒྱུར་བས་འགྲུབ༔

ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །

མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །

མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །

རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། །

བརྗོད༔ ས་མ་ཡ༔

 

༈ ལྔ་པ་དམིགས་བྱ་དབང་སྡུད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

རིག་བྱེད་སྒྲོལ་མ་ལེ་བརྒན་མདོག༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་མདའ་གཞུ་འཛིན༔

འབར་ཞིང་རྣོ་བའི་འོད་ཟེར་གྱིས༔

དམིགས་བྱའི་སྙིང་ལ་གཟིར་བ་ཡིས༔

བརྟན་པ་འབྲལ་ཏེ་འདུད་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཀུ་རུ་ཀུལླེ་ནྲི་ཛ་སྭཱ་ཧཱ༔

མཁན་སློབ་དགེ་འདུན་རྒྱལ་བློན་དང་༔
ཁྱིམ་བདག་དྲྭ་མའི་མིང་སྤེལ་བཅུག༔

ཕྱག་འཚལ་ཏུཏྟཱ་ར་ཧཱུྂ་ཡི་གེ །

འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །

འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །

ལུས་པ་མེད་པར་འགུགས་པར་ནུས་མ། །

བརྗོད༔ ས་མ་ཡ༔

 

༈ དྲུག་པ་སྨྱོ་བརྗེད་ཤ་ཟ་དང་༔ གནོད་སྦྱིན་གདོན་གྱི་སྟོབས་གཞོམས་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

འཇིགས་བྱེད་ཆེན་མོ་དམར་ནག་ཞལ༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་ཕུར་བུ་འཛིན༔

ཧཱུྃ་གི་ཚྭ་ཚྭ་འཕྲོས་པ་ཡིས༔

གདོན་གྱི་མགོ་བོ་རབ་བཀས་ནས༔

ཆོས་ཉིད་ངང་དུ་བརྒྱལ་བར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བིགྷྣཱ་ན་བཾ་ཧཱུྃ་ཕཊ྄ཿསྭཱ་ཧཱཿ

རྨོངས་བྱེད་གདོན་དང་སྨྱོ་འདྲེ་ཀུན༔
འདི་ཡིས་གསོས་པར་ཐེ་ཚོམ་མེད༔

ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །

རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །

འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །

གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །

བརྗོད༔ ས་མ་ཡ༔

 

༈ བདུན་པ་གཡུལ་གྱི་འཁྲུལ་འཁོར་དང་༔ ཐོག་སེར་དྲག་པོ་འཇོམས་འདོད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

གཏུམ་མོ་གཞན་གྱིས་མི་ཐུབ་མ༔

ནག་མོ་མེ་འབར་ཁྲོ་གཉེར་ཅན༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་རལ་གྲི་འཛིན༔

ཐོག་སེར་སྡེ་བརྒྱད་འཕྲུལ་འཁོར་དང་༔

སྒྱོག་སོགས་གཡུལ་གྱི་འཕྲུལ་འཁོར་གྱི༔

དགྲ་གཤེད་ཐལ་བར་གྱུར་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཏ་ཀ་ཧ་ན་ལི་ཙ་ཕཊ྄ཿསྭཱ་ཧཱ༔

ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ྄ཿཀྱིས། །

ཕ་རོལ་འཕྲུལ་འཁོར་རབ་ཏུ་འཇོམས་མ། །

གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །

མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །

བརྗོད༔ ས་མ་ཡ༔

 

༈ བརྒྱད་པ་གཞན་རྒོལ་མཚངས་འབྲུ་གཞོམས༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

གཞན་མི་རྒྱལ་བའི་དཔའ་མོ་ནི༔

དམར་ནག་ཁྲོ་གཉེར་ལྡན་པའི་ཞལ༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་རྡོ་རྗེ་འཛིན༔

ཚ་ཞིང་རྩུབས་པའི་འོད་ཟེར་གྱིས༔

ཉོན་མོངས་བདུད་དགྲ་གསོད་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་ར་ཏུ་རེ་ད་ཧ་པ་ཙ་ཧཱུྃ་ཕཊ྄ཿསྭཱ་ཧཱ༔

ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས། །

བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །

ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །

དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །

བརྗོད༔ ས་མ་ཡ༔

 

༈ དགུ་པ་འཇིགས་པའི་ཚོགས་སྐྱོབས་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

སེང་ལྡེང་ནགས་ཀྱི་སྒྲོལ་མ་ནི༔

མར་གད་མདོག་ཅན་འོད་རབ་འཁྲུགས༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་འཁོར་ལོ་འཛིན༔

མེ་སྦྲུལ་ཤ་ཟ་གླང་ཆེན་བརྩོན༔

ཆོམ་རྐུན་སེང་གེ་རྒྱ་མཚོའི་རླབས༔

རྒྱལ་པོའི་ཆད་པ་དགྲ་གདོན་མཛེ༔

བཤེས་བྲལ་དབུལ་ཕོངས་གནམ་ལྕགས་ཐོག༔

དོན་ཉམས་ལ་སོགས་འཇིགས་པ་ནི༔

བརྒྱད་ཚན་གཉིས་ལས་སྐྱོབ་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དཱ་ན་ཏྲ་ཡ་སྭཱ་ཧཱ༔

ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །

སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །

མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །

རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །

བརྗོད༔ ས་མ་ཡ༔

 

༈ བཅུ་པ་འཇིག་རྟེན་དབང་བྱེད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་དམར༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་རྒྱལ་མཚན་འཛིན༔

འདོད་ལྟ་དབང་བྱེད་འོད་ཟེར་དང་༔

བཞད་པ་བརྒྱད་ལྡན་སྔགས་ཀྱི་སྒྲས༔

གཞན་འཕྲུལ་དབང་བྱེད་སྡེ་དང་བཅས༔

རྨོངས་ཤིང་བདག་གི་དབང་གྱུར་ནས༔

འཇིག་རྟེན་ཀུན་གྱིས་འདུད་བར་དམིགས༔

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ལོ་ཀ་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔

རྗེ་དཔོན་དབང་གྱུར་གཞན་སྨོས་ཅི༔

རྒྱལ་བློན་རབ་བྱུང་ཁྱིམ་བདག་དང་༔
ཡུལ་གྱི་གཙོ་བོ་རིག་གནས་མཁན༔
དཔལ་ཅན་བུད་མེད་རིགས་བཟང་མོ༔
ལྷ་ཀླུ་གནོད་སྦྱིན་ནོར་གྱི་ལྷ༔
སྐྱེད་མོས་ཚལ་དང་ཡུལ་མཁར་ཞིང་༔
རྐང་ཕྲན་ནོར་དབྱིགས་ཕྱུགས་ལ་སོགས༔
གང་འདོད་དམིགས་པའི་ལྡེ་ཁ་བསྒྱུར༔

ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །

དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །

བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །

བདུད་དང་འཇིག་རྟེན་དབང་དུ་མཛད་མ། །

བརྗོད༔ ས་མ་ཡ༔

 

༈ བཅུ་གཅིག་དབུལ་བ་སེལ་འདོད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

ནོར་སྟེར་དམར་སེར་ཁྲོ་གཉེར་ཅན༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་གཏེར་བུམ་འཛིན༔

འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སོགས༔

ས་གཞི་སྐྱོང་བའི་ཕོ་ཉ་བསྐུལ༔

ལྷ་ཀླུ་མི་ཡི་དཔལ་འབྱོར་དང་༔

ལོངས་སྤྱོད་ཆར་དུ་ཕབས་པ་ཡིས༔

ཡུལ་ལྗོངས་དང་ནི་ཁྱིམ་གང་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་མཱ་མ་བཱ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔

ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །

ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །

ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྂ་གིས། །

ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །།བརྗོད༔

གཏེར་བུམ་སྒྲུབ་དང་གཡང་འགུགས་སོགས༔
ཕྲིན་ལས་ཁ་ཚར་གདགས་སུ་རུང་༔ ས་མ་ཡ༔

 

༈ བཅུ་གཉིས་ཆར་ཆུ་བུ་དཔལ་སྤེལ༔ ཡུལ་གྲུ་བཀྲ་ཤིས་བྱེད་འདོད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

བཀྲ་ཤིས་དོན་བྱེད་སྒྲོལ་མ་སེར༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་དཔལ་བེའུ་འཛིན༔

ཟླ་བའི་ལྷ་མོའི་དཔྲལ་བའི་ཟེར་ལས་བདུད་རྩིའི་ཆར༔

བབས་པས་རྩི་སྨན་ལོ་ཏོག་རྒྱས༔

རིགས་བདག་ཉིད་ལས་འོད་འཕྲོས་པས༔

བཀྲ་ཤིས་རྫས་རྟགས་ཆར་དུ་བབ༔

བརྟེན་གཡོའི་རྟེན་འབྲེལ་ལོག་པའི་དུག༔

གཞིལ་ཏེ་ཕུན་སུམ་ཚོགས་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མངྒ་ལཾ་ཤྲཱི་མ་ཧཱ་པཱ་ཎི་སྭཱ་ཧཱ༔

ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། །

བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །

རལ་པའི་ཁྲོད་ན་འོད་དཔག་མེད་ལས། །

རྟག་པར་ཤིན་ཏུ་འོད་རབ་མཛད་མ། །

བརྗོད༔ ས་མ་ཡ༔

 

༈ བཅུ་གསུམ་གཡུལ་ལས་རྒྱལ་བྱེད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

མེ་འབར་དབུས་གནས་རྗེ་བཙུན་མ༔

དམར་མོ་སྤྱན་གསུམ་ཁྲོས་པའི་གདོང་༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་རྡོ་རྗེ་གདེངས༔

འོད་ཟེར་རྡོ་རྗེའི་ཚྭ་ཚྭ་ཡིས༔

གཞན་སྡེ་བཅོམ་ནས་ཚུར་འདུས་པས༔

རྡོ་རྗེའི་ར་བའི་གུར་གྱུར་པའི༔

ནང་དུ་རང་སྲིད་བསྲུང་བར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བཛྲ་ཛྭ་ལ་ཕཊ྄་ཕཊ྄ཿ རཀྵ་རཀྵ་སྭཱ་ཧཱ༔

ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །

འབར་བའི་ཕྲེང་བའི་དབུས་ན་གནས་མ། །

གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །

དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །

བརྗོད༔ ས་མ་ཡ༔

 

༈ བཅུ་བཞི་འགོང་པོ་སྤུན་དགུ་དང་༔ སྡེ་བརྒྱད་གནོད་བྱེད་ཚོགས་གཞོམས་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

ཁྲོ་གཉེར་ཅན་མཛད་སྐུ་མདོག་ནག༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་གཏུན་ཤིང་འཛིན༔

ཧཱུྃ་སྒྲ་སྒྲོགས་པའི་འོད་ཟེར་དང་༔

ཕྱག་ཞབས་ས་ལ་བསྣུན་པ་ཡིས༔

དམ་འགོང་རྒྱ་འདྲེའི་མགོ་བོ་བཀས༔

ཆོས་ཉིད་ངང་དུ་བརྒྱལ་བར་བསམ༔

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཧཾ་ཤཾ་ཏྲི་ག་ནན་ཕཊ྄ཿསྭཱ་ཧཱ༔

ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །

མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །

ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྂ་གིས། །

རིམ་པ་བདུན་པོ་རྣམས་ནི་འགེམས་མ། །

བརྗོད༔ ས་མ་ཡ༔

 

༈ བཅོ་ལྔ་སྡིག་པ་ཞི་འདོད་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

རབ་ཏུ་ཞི་མ་སྐུ་མདོག་དཀར༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་སྤྱི་བླུགས་འཛིན༔

ཐུགས་ལས་དག་བྱེད་ལྷ་མོ་ནི༔

བུམ་པ་ཐོགས་པ་དཔག་མེད་སྤྲོས༔

ཟླ་གདན་ལ་གནས་དམིགས་བྱ་ཡི༔

ངན་སོང་སྡིག་སྒྲིབ་བཀྲུས་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱ༔

ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །

མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །

སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །

སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །

བརྗོད༔ གནས་ལུང་དག་ཀྱང་སྦྱར་དུ་རུང་༔ ས་མ་ཡ༔

 

༈ བཅུ་དྲུག་དགྲ་ཡི་མཐུ་སད་ཅིང་༔ བྱད་མའི་རིགས་སྔགས་སྟོབས་གཞོམས་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

འབར་བའི་འོད་ཅན་སྐུ་མདོག་དམར༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་རྒྱ་གྲམ་འཛིན༔

འོད་ཟེར་འཕྲོས་པས་དགྲ་བོ་དང་༔

བྱད་མའི་མཐུ་སྟོབས་ངག་ནུས་བཤིག༔

དྲང་སྲོང་ངག་ལ་དབང་ཐོབ་དམིགས༔

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཕཊ྄ཿསྭཱ་ཧཱ༔

ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །

དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །

ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །

རིག་པ་ཧཱུྂ་ལས་སྒྲོལ་མ་ཉིད་མ། །

བརྗོད༔ ས་མ་ཡ༔

 

༈ བཅུ་བདུན་དགྲ་ཇག་ཆོམ་རྐུན་དང་༔ རྔོན་པ་ཅན་གྱི་ཁ་ཆིངས་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

དཔག་མེད་གནོན་མ་གུར་གུམ་མདོག༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་མཆོད་རྟེན་འཛིན༔

ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཧཱུྃ༔

ཞབས་མཐིལ་ས་ལ་བརྡབས་པ་ཡིས༔

སྟོང་གསུམ་ཕ་རོལ་གནོན་པའི་རི༔

མནྟ་ར་དང་འབིགས་བྱེད་དང་༔

འདོད་དང་གཟུགས་ཁམས་གཟུགས་མེད་ལྡེག༔

དྲག་ཤུལ་སྟོབས་ཀྱིས་དམིགས་བྱའི་གཟུགས༔

ཞབས་ཀྱི་འོག་ཏུ་མནན་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་བཾ་ཧོ༔སྭཱ་ཧཱ༔

ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །

ཧཱུྂ་གི་རྣམ་པའི་ས་བོན་ཉིད་མ། །

རི་རབ་མནྡ་ར་དང་འབིགས་བྱེད། །

འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །

བརྗོད༔ ས་མ་ཡ༔

 

༈ བཅོ་བརྒྱད་སྦྱར་དང་དབྱིག་གི་དུག༔ གཟའ་ཀླུ་གནོད་སྦྱིན་སྡེ་ཚོགས་ཀྱིས༔ མཐོང་རེག་ཁ་རླངས་དུག་བསྲུང་ན༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

སྒྲོལ་མ་རྨ་བྱ་ཆེན་མོ་དཀར༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

རི་དྭགས་ཟླ་བ་ཉ་གང་བ་རྟགས་ཅན་ཨུཏྤལ་འཛིན༔

འོད་ཟེར་འཕྲོས་པས་བརྟེན་གཡོའི་དུག༔

ལྷག་མ་མེད་པར་གཞིལ་པར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བི་ཥ་ཏཱ་ར་ཕཊ྄ཿསྭཱ་ཧཱ༔

ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །

རི་དྭགས་རྟགས་ཅན་ཟླ་བ་ཉ་གང་ཕྱག་ན་བསྣམས་མ། །

ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །

དུག་རྣམས་མ་ལུས་པར་ནི་སེལ་མ། །བརྗོད༔

དུག་དབྱུང་བྱེད་ན་བུམ་སྒྲུབ་དང་༔
འབྲེལ་བར་ཆུས་བཀྲུ་རྨ་བྱས་བྱབ༔

ཧོ༔ འགལ་རྐྱེན་ཐམས་ཅད་དུག་ལ་བརྟེན༔

དུག་གི་རྒྱུ་ནི་ཉོན་མོངས་པ༔

རིག་པ་མཆོག་གི་སྨན་ཆེན་འདིས༔

སེམས་ཅན་ཁམས་ནི་དུག་མེད་ཤོག༔

ཕྱག་འཚལ་སྔགས་སྤྲེལ་བརྒྱ་ཚར་བརྗོད༔ ས་མ་ཡ༔

 

༈ བཅུ་དགུ་པས་ནི་རྩོད་བ་དང་༔ རྨི་ལམ་ངན་པ་ཐམས་ཅད་སེལ༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

རྗེ་བཙུན་མི་ཕམ་རྒྱལ་མོ་དཀར༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་གདུགས་དཀར་འཛིན༔

སྣ་ཚོགས་རྡོ་རྗེའི་ཚྭ་ཚྭ་ཡིས༔

ཕ་རོལ་ངག་གི་ནུས་པ་བཅོམ༔

དབུ་རྒྱན་སྙན་ཆ་དཔུང་རྒྱན་ཕྱག་ཞབས་གདུ་བུ་གཉིས་མགུལ་ཆུ་སྐ་རགས་པ་ཏིའི་སྨད་དཀྲིས་རྣམས་སོ། ལ་སོགས་རྒྱན་བརྒྱད་ཀྱིས༔

གོ་ཆ་བརྗིད་པ་ལྟར་བསྲུངས་པས༔

རྩ་རླུང་ཐིག་ལེ་འཁྲུགས་པ་ཡི༔

རྨི་ལམ་ངན་པ་བསལ་བར་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧཱུྃ་ཧཱུྃ་ཕཊ྄ཿཕཊ྄་རཀྵ་རཀྵ་མཾ་སྭཱ་ཧཱ༔

ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །

ལྷ་དང་མིའམ་ཅི་ཡིས་བསྟེན་མ། །

ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས། །

རྩོད་དང་རྨི་ལམ་ངན་པ་སེལ་མ། །

བརྗོད༔ ས་མ་ཡ༔

 

༈ ཉི་ཤུ་པ་ཡིས་རིམས་ནད་སེལ༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

དམར་སེར་ལྷ་མོ་རི་ཁྲོད་མ༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་ཟ་མ་ཏོག །

ཉི་མ་ཟླ་བའི་སྤྱན་རྒྱས་པས༔ ཉི་མ་ལས་འབར་བའི་འོད་ཀྱིས་ ཟླ་བ་ལས་བདུད་རྩིའི་རྒྱུན་བྱུང་བས

ནད་བདག་ཚར་གཅོད་རིམས་གསོས་བསམ

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ན་མ་ཏཱ་རེ་མ་ནོ་ཧ་ར་ཧཱུྃ་ཧཱ་ར་སྭཱ་ཧཱ༔

ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །

སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །

ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །

ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །

བརྗོད༔ ས་མ་ཡ༔

 

༈ ཉེར་གཅིག་ནད་པའི་བླ་ཚེ་བསླུ༔

མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔

འོད་ཟེར་ཅན་མ་སྐུ་མདོག་དཀར༔

སྐུ་གསུང་ཐུགས་ལས་ཨོཾ་ཨཱ༔ཧཱུྃ༔

ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔

ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔

དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔

ཨུཏྤ་ལར་གནས་གསེར་ཉ་འཛིན༔

ཡི་གེ་གསུམ་ལས་འོད་འཕྲོས་པས༔

གདོན་དང་རོ་ལངས་གནོད་སྦྱིན་གྱིས༔

ནད་པའི་བླ་དང་ཚེ་བརྐུས་པ༔

སླར་ལ་མནངས་བཞིན་སྤྲད་པར་དམིགས༔

ཨོཾ་པདྨོ་ཡཱོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་རི་ཙྱཻ་ཚེ་བྷྲཱུྃ་ནྲྀ་ཛ༔སྭཱ་ཧཱ༔

ཚེ་ལ་མདའ་དང་བླ་ལ་གཡུ༔
ཁམས་ཀྱི་རྟེན་དུ་དར་ཚོན་དཔྱངས༔

རྟེན་འབྲེལ་བླ་ལུག་ཉིད་ལ་བརྟག༔
མ་འགྲུབ་བར་དུ་བསྐྱར་ཞིང་འབད༔

ཐུན་མཚམས་བླ་གླུད་བཟང་པོ་ལ༔
གླུད་ཕྲན་ཟན་འབྲུལ་ཆང་བུ་བརྒྱ༔
འབྲུ་གསུམ་བྱིན་བརླབ་སམྦྷ་ར༔
བརྒྱ་རྩ་བརྒྱད་བསྔོ་ལན་རེ་བཞིན༔

ཧཱུྃ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔

སྲེད་དང་ཆགས་དང་ཞེན་པ་དང་༔

དྲན་དང་བཟུང་དང་བསམ་དང་རེག༔

གློད་དང་ཞི་དང་གྲོལ་བར་མཛོད༔

ཅེས་དང་སྒྲོལ་མ་ཡིད་ལ་བྱས༔

ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །

ཞི་བའི་མཐུ་དང་ཡང་དག་ལྡན་མ། །

གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །

འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །

ཐལ་སྦྱར་དེ་ཉིད་གསུམ་བཀོད་མཐར༔
ཐལ་མོ་བརྡེབ་ཅིང་འབབ་ཆུར་དོར༔
སྲོག་བསླུ་བྱ་ཞིང་ཉེའུ་འདོན༔
དུས་མིན་འཆི་བ་ངེས་པར་བཟློག༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཤིན་ཏུ་ཟབ་པའི་སྔགས་རྒྱུད་འདིའི༔
བརྡ་རིས་མཚོ་རྒྱལ་བླ་མཚོར་རྒྱ༔
བརྡ་གྲོལ་སེང་གེ་རོང་དུ་འབྱུང་༔
གྲུ་གཟིངས་ཆུ་བོའི་གཞུང་ལ་འབེབས༔

རྟེན་འབྲེལ་སྣ་ཁ་མ་ལོག་ན༔
འགྲོ་དོན་ཉི་འོག་ཉིད་ལ་སྤྱོད༔
སྙིང་གི་བུ་དང་འཕྲད་ནས་ཀྱང་༔
འགྲོ་དོན་ནམ་མཁའི་མཐར་ཐུག་ཤོག༔

ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ དགོངས་རྒྱ༔ བརྡ་རྒྱ༔

 

ལས་ཚོགས་འདི་གཞན་བསྐུལ་ཡང་ཡང་བྱུང་ཡང་རིང་ཞིག་གཏེར་རྒྱ་མ་ཁྲོལ༔ དེ་རྗེས་ནོར་སྐྱོང་གི་ལོར་སྒྲོལ་མ་འབུམ་ཐེར་བསགས་པའི་རྐྱེན་གྱི་རྗེ་བཙུན་མའི་བྱིན་རླབས་ཁོ་ནས་ཀློང་གི་བརྡ་རིས་གྲོལ༔ དེ་ལོ་ཆར་ཞོད་ཤིན་ཏུ་དཀོན་པ་ལ་བཀྲ་ཤིས་སྲོང་བཙན་བང་སོར་ཡུམ་ཀའི་ཚོགས་སྐོང་དང་བཅས་འདུན་པ་བསྒྱུར་བས་རིགས་བདག་གི་ལས་ཚོགས་བཅུ་གཉིས་པ་ལ་ངེས་པ་རྙེད་པའོ༔ དགེའོ༔

༈ ལས་ཚོགས་འདི་རིགས་སོ་སོའི་བསྙེན་མཚམས་སུ་གཞུང་ནས༔ ཐུན་མཚམས་མཆོད་ཅིང་ཡིག་བརྒྱས་བཤགས༔ ཅེས་བྱུང་བས་མཆོད་པ་ནི༔

མེ་ཏོག་བདུག་སྤོས་མར་མེ་དྲི། །

ཞལ་ཟས་རོལ་མོ་ལ་སོགས་པ། །

དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །

འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །

 

ཞིང་ཁམས་རྡོ་རྗེའི་ས་གཞི་ལ། །

གླིང་བཞི་རི་རབ་མཆོད་པའི་སྤྲིན། །

རབ་འབྱམས་བསམ་ཡས་རྒྱན་ཕྲེང་འབར། །

སྒྲོལ་མ་རྒྱལ་བ་ཀུན་ཡུམ་མར། །

མཆོག་ཏུ་དད་པས་བདག་གིས་འབུལ། །

སྔགས་མཐར་ཨརྒྷཾ་སོགས་ཀྱིས་མཆོད་ལ།

སོ་སོའི་སྐབས་བབ་ཀྱི་ཕྱག་འཚལ་ཚིག་བཞི་བརྒྱ་ཚར་རེ་བརྗོད་རྗེས་ཡིག་བརྒྱ་བཟླ་བར་བྱའོ། །མངྒ་ལཾ།།

 

འཇིགས་མེད་གླིང་པ།

ཡུམ་ཀ་བདེ་ཆེན་རྒྱལ་མོ།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཞུགས་མྱོང་མེད་པའི་གང་ཟག་རྣམས་ཀྱིས་ངག་འདོན་དང་ཉམས་ལེན་བྱེད་མི་ཆོག་པའི་ཆོས་ཚན་ཁག་ཅིག་ཡོད།

གལ་ཏེ་ཁྱེད་རང་གིས་ཟབ་ཆོས་འདི་དག་ཉམས་ལེན་བྱེད་ཆོག་མིན་ལ་ཐེ་ཚོམ་ཡོད་ཚེ་ངེས་པར་དུ་བརྒྱུད་པ་དེ་ལྡན་གྱི་མཚན་ལྡན་བླ་མའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་པ་བྱེད་དགོས།

OK
This website uses cookies to collect anonymous usage statistics and enhance the user experience.
Decline
Accept