Longchen Nyingtik Catalogue—Tibetan
༄༅། །ཀློང་ཆེན་སྙིང་ཐིག་གི་བཞུགས་བྱང་རབ་གསལ་ཉི་འོད་རྣམ་པར་སྣང་བའི་རྒྱན་བཞུགས།
སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ཡི་གེ་བཅུ་གསུམ་པ་ཤིན་ཏུ་སྐྱེ་འགྲོའི་ནང་ཚན་ཆིག་སྟོང་ཉེར་བདུན་གྱི་མཚམས་ནས་ཟིན་པའི་པྲསྟ་རའོ།།
ཨཏྦྷུ ཏཾ བཛྲོག རྦྷཾ བྷཱ ཥཱ སཱ དྷྱོ ཛི བཿ གྲཱ ཧ ཀཱ རཾ སརྦ ཛྙྲ སི དྡྷཾ ཡཽ བ སྱ སཱ།
བྷཱ ཝ ཤཱནྟེ རྦྷཱ ཏཽ བཻ སཽ མྱཱ བི དྱཱ དྷ རཿ ལོཀཙ ཀྵྭེ བཱ བྷ ངྒ དྭཱིཾ པཾ མཏྦ ནྡ ནཾ།
རྨད་བྱུང་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་སྲོག །འཛིན་མཛད་ཀུན་མཁྱེན་གྲུབ་པའི་ལང་ཚོའི་དཔལ། །སྲིད་ཞིའི་བླ་ན་མངོན་མཛེས་རིག་པ་འཛིན། །འཇིག་རྟེན་མིག་གཅིག་འཇིགས་མེད་གླིང་པར་འདུད། །
གདོད་ནས་སྐྱེ་འགག་སྤྲོས་པ་ཉེར་ཞི་དག་པ་གཉིས་ལྡན་ཆོས་ཀྱི་སྐུ། །དབྱིངས་སྣང་ལྷུན་གྲུབ་ཚོམ་བུར་རབ་ཤར་ཁ་སྦྱོར་བདུན་ལྡ༷ན་ལོངས་སྤྱོད་རྫོགས། །སྲིད་པའི་འགྲོ་ཁམས་གང་འདུལ་སྡེར་སྣང་དབང་ཕྱུག་བརྒྱད་ལྡ༷ན་སྤྲུལ་པའི་སྐུ། །སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་ཁྱབ་བདག་རྣམ་ཀུན་མཆོག་ལྡ༷ན་བླ་མར་འདུད། །ར༷ང་བྱུང༷་དག་ཆེན་ཡེ་ཤེས་རྡོ༷་རྗེ༷འི་ཐུགས་ནི་རྫོགས་པའི་སངས་རྒྱས་དངོས། །རླུང་ཁམས་ཡི་གེའི་སྤྲིན་གངས་རྡོ༷་རྗེ༷འི་གསུང་ནི་དམ་པ་ཆོས་ཀྱི་མཛོད། །གདན་གསུམ་དཀྱིལ་འཁོར་ལྷུན་རྫོགས་རྡོ༷་རྗེ༷འི་སྐུ་ནི་རིག་གྲོལ་དགེ་འདུན་ཏེ། །དཀོན་མཆོག་ཀུན་འདུས་ངོ་བོ་རྡོ༷་རྗེ༷འི་བླ་མ་དཀྱིལ་འཁོར་རྒྱ་མཚོའི་གཙོ། །རྒྱལ་ཀུན་མཁྱེན༷་གཉིས་ཡེ་ཤེས་རྒྱ་མཚོའི་བཅུད། །འགྲོ་ལ་རྗེས་བརྩེའི༷་རང་གཟུགས་ཡིད་བཞིན་དབང་། །ཉེ་འཁོན་བྲལ་བ་ཕན་བདེའི་འོད༷་ཟེ༷ར་ཅན། །མདོ་སྔགས་བསྟན་པ་རྒྱ་མཚོའི་འབྱུང་གནས་ཆེ། །ཐེག་མཆོག་སྟོན་པ་དགའ་རབ་རྡོ་རྗེ་ནས། །བཅུ་ཕྲག་གཅིག་དང་བརྒྱད་ཀྱིས་ལྷག་པ་ཡི། །པཎ་གྲུབ་ཆོས་རྒྱལ་དགྲ་བཅོམ་རིག་པ་འཛིན། །སྐྱེ་སྲིད་བཟུང་བ་དེ་སྙེད་བསྟན་འགྲོའི་མགོན། །གངས་ཅན་བསོད་ནམས་རྟ་བདུན་གྱིས་དྲངས་ཏེ། །བགྲང་བྱ་ཐིག་རིའི་མཁའ་ལ་རྗེན་འཆར་བས། །ལོག་རྟོག་ཕྱོགས་ལྷུང་མུན་པ་དབྱིངས་དེངས་ཏེ། །རིས་བྲལ་བསྟན་པའི་ཉི་གཞོན་གཅིག་ཏུ་གསལ། །དེ་ཚེ་ཕྱོགས་དང་སྐད་རིགས་མི་གཅིག་མཐའ། །དཀར་ནག་རྒྱ་ཡི་ཐ་གྲུ་ལ་ཐུག་བར། །ཆོས་དང་ཆོས་བརྒྱུད་འཛིན་པའི་སློབ་མ་ཡིས། །ཁྱབ་པའི་དྲིན་ལས་རྒྱལ་བ་ཉིད་དང་མཚུངས། །རྡོ་རྗེའི་ལུས་ཀྱི་སྐུ་བལ་ཕྲ་མོ་ཡང་། །ལས་ཅན་གྱིས་འཆང་གསོལ་བ་བཏབ་པའི་ངོར། །མངོན་སུམ་རིང་བསྲེལ་རྡོལ་བའི་ངོ་མཚར་ལ། །བསམས་ཀྱང་གང་གི་ཡོན་ཏན་བརྗོད་མཐའ་བྲལ། །ཐོས་བསམ་སྒོམ་པའི་ཤེས་རབ་ཀློང་རྡོལ་ཞིང་། །མགྲིན་པ་རྡོ་རྗེའི་ཚིག་གི་མཛོད་གྱུར་ཏེ། །མཁའ་འགྲོའི་གསང་མཛོད་ཆེན་མོར་དབང་བསྒྱུར་ནས། །ཇི་ལྟ་ཇི་སྙེད་ཆོས་ཀུན་ཐོགས་མེད་བསྟན། །ཁྱད་པར་རྒྱལ་ཀུན་དགོངས་ཀློ༷ང་ཆེ༷ན་པོའི་བཅུད། །ཡེ་ཤེས་མཁའ་འགྲོའི་སྙིང༷་ཁྲག་དྭངས་མའི་ཐིག༷ །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་འབྲས་བུའི་ཆོས༷། །སྐལ་བཟང་འགྲོ་ལ་དགའ་སྟོན་སྩོལ་འདི་རྨད། །རྒྱལ་བ་འཇིག་རྟེན་སྒྲོན་མེའི་སྔགས་སྤྲིན་ལས། །ཟབ་རྒྱས་ཆོས་ཆར་འབབ་ཀུན་གདུལ་བྱའི་འགྲོའི། །ཐར་མཆོག་མྱུ་གུ་མངོན་བྱེད་ཉིད་མོད་ཀྱང་། །དད་གཞིར་བསགས་སྦྱངས་སོ་ནམ་ཡུན་ལ་ལྟོས། །གང་ཞིག་ཐུག་ཕྲད་གནས་ལུགས་ཆོས་སྐུར་རྟོགས། །སྣང་བཞི་ཟད་འཁྱོལ་གདོས་བཅས་དྭངས་མར་གྲོལ། །ལུས་མ་སྤངས་པ་སངས་རྒྱས་མངོན་བྱེད་ལམ། །འདི་ལྟའི་ཆོས་མཆོག་སྔོན་མེད་ཡིད་བཞིན་ནོར། །སླར་ཡང་ལས་ཅན་བསོད་ནམས་བགོ་སྐལ་དུ། །ཆོས་སྐུའི་རིང་བསྲེལ་ཉིད་དུ་ལྷུན་གྲུབ་པ། །ཇི་སྙེད་བཞུགས་བྱང་རབ་གསལ་ཉི་མའི་འོད། །རྣམ་པར་སྣང་བའི་རྒྱན་ཅེས་འདིར་བཀོད་དོ། །
དེ་ལའང་ཐུན་མོང་རྒྱས་བཤད་དོར་ནས་བསྡུས་དོན་སྙིང་པོ་དྲིལ་ཏེ་ཅུང་ཟད་གླེང་བ་ལ་གསུམ། རྫོགས་པ་ཆེན་པོ་ཇི་ལྟར་དར་བ་དང་། བོད་དུ་བྱུང་བའི་ཚུལ། དངོས་དོན་བཞུགས་བྱང་ངོ་། །དང་པོ་ནི། ཐེག་མཆོག་འདི་ཉིད་ཀྱི་ལུགས་ལྟར་ན། བདག་ཅག་གི་སྟོན་པ་འདིས་བསྐལ་བ་བསམ་གྱིས་མི་ཁྱབ་པ་ན་བྱང་ཆུབ་མཆོག་གི་དགོངས་པ་མངོན་དུ་མཛད་དེ། དེ་ཉིད་ཆོས་སྐུའི་དུས་སུ་ཀུན་ཏུ་བཟང་པོ། ལོངས་སྐུའི་དུས་ན་རིགས་ལྔའི་སངས་རྒྱས། སྤྲུལ་སྐུའི་གནས་སྐབས་སུ་གདུལ་བྱའི་དབང་གིས་གཙང་མ་རིས་ཀྱི་གནས་སུ་རྡོ་རྗེ་འཆང་ཆེན་པོ་དང་། འགྲོ་དྲུག་རང་རང་གི་གནས་སུ་ཤཱཀྱ་ཐུབ་པ་སོགས་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྣང་བ་གྲངས་མེད་པས་གདུལ་བྱའི་མོས་པ་དང་རྗེས་སུ་མཐུན་པའི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་བ་ལས། ཐེག་མཆོག་རྫོགས་པ་ཆེན་པོ་བཀའ་བབས་གསུམ་ལྡན་གྱི་བདག་ཉིད་ནི་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ལས་མི་གཞན་པའི་འཁོར་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་ལ། རང་སྣང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་བསྟན་པ་ཚིག་གིས་མ་མཚོན་པར་དགོངས་པས་བྱིན་གྱིས་བརླབས་པ་ལས་བརྒྱུད་དེ་རྒྱལ་སྲས་རྡོ་རྗེ་སེམས་དཔའ་སོགས་ལ་ཡེ་ཤེས་འཕོས་པས་རྒྱལ་བ་དགོངས་བརྒྱུད་དེ། དེ་ལ་ནང་གསེས་སུ་མདོ་སྒྱུ་སེམས་གསུམ་དུ་ཡོད་པའི་ཕྱི་བསྐྱེད་པ་མ་ཧཱ་ཡོ་ག་ལ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས། རྒྱུད་སྡེ་ནི་རྒྱལ་སྲས་སེམས་དཔས་རིགས་གསུམ་སེམས་དཔའ་ལ་བཤད། དེ་གསུམ་གྱིས་ལྷ་ཀླུ་གནོད་སྦྱིན་གསུམ་ལ་བཤད་དེ་སོ་སོའི་འཁོར་ཚོམ་བུ་འབུམ་སྡེ་དང་བཅས་པ་གྲོལ་བའི་ས་ལ་བཞག །སླར་ཡང་གསང་བདག་གིས་གནས་ངེས་མེད་དུའང་བསྟན་ཅིང་། རི་མ་ལ་ཡར་མི་དང་མི་མ་ཡིན་པའི་རིག་འཛིན་རྣམས་ལ་བཤད་པས་བློ་གྲོས་ཐབས་ལྡན་གྱིས་རིན་པོ་ཆེའི་གླེགས་བམ་དུ་བཀོད་དེ་ནམ་མཁར་རྒྱས་བཏབ་པ་རྒྱལ་པོ་ཛའི་ཁང་སྟེང་དུ་བབས་ཏེ་དར། སྒྲུབ་སྡེ་ནི་འོག་མིན་དུ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས། ཆོས་ཉིད་ཀྱི་རང་སྒྲས་གསུངས་པ་རིག་འཛིན་རྡོ་རྗེ་ཆོས་ཀྱིས་ངག་ཏུ་བསྡུས་ཤིང་གླེགས་བམ་ལ་བཀོད་དེ་མཁའ་འགྲོ་མ་ལས་ཀྱི་དབང་ཆེན་ལ་གཏད་པས་སྤྱི་སྒོས་ཀྱི་རྒྱུད་རྣམས་རིན་པོ་ཆེ་སོ་སོའི་སྒྲོམ་དུ་བཅུག་སྟེ་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས། ཕྱིས་དུས་ལ་བབ་ཚེ་བྱེ་བྲག་གི་སྒྲོམ་རྣམས་རིག་འཛིན་བརྒྱད་དང་། སྤྱི་རྒྱུད་རིན་ཆེན་ཀུན་འདུས་ཀྱི་སྒྲོམ་སློབ་དཔོན་ཆེན་པོ་ལ་གཏད། ནང་ལུང་ཨ་ནུ་ཡོ་ག་ནི། བུ་རམ་ཤིང་པ་ཐ་མའི་གཟིམས་ཁྲི་ལ་མནལ་ཏེ་སྣོད་བཅུད་ཉམས་པ་དང་། གཅེར་བུ་བ་རྣམས་ཀྱིས་སྤྱོ་བར་བྱས་ཚེ། དམ་པའི་རིགས་ཅན་དྲ་མ་ལྔ་ཟབ་མོའི་ཏིང་ངེ་འཛིན་ལས་ལངས་ཏེ། རི་བོ་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་མ་བཟོད་པའི་གདུང་ཚིག་ཉེར་གསུམ་བཏོན་པས་དུས་གསུམ་གྱི་བདེ་བར་གཤེགས་པ་ཀུན་གྱི་ཐུགས་ཨ་ཏི་ཡོ་ག་ནི། ལྷ་དེ་ཝ་བཟང་སྐྱོང་གི་བུ་སེམས་ལྷག་ཅན་ལ་རྡོ་རྗེ་སེམས་དཔས་དབང་བསྐུར་ཏེ་མན་ངག་བྱིན་པས་ལྷའི་གནས་སུ་དར། ཞིང་འདིར་འགྲོ་བའི་བླ་མ་ཤཱཀྱ་སེང་གེའི་སྐུ་དང་གསུང་གི་གདུལ་བྱ་རྣམས་བཏུལ་ཏེ་ཐུགས་ཀྱིས་གདུལ་བ་ལ་བབ་པ་ན་ཨོ་རྒྱན་རྒྱལ་པོ་དྷརྨ་ཨཱ་ཤྭའི་སྲས་མོ་གསེར་གྱི་བྱེ་མ་བརྡལ་བའི་མཚོ་འགྲམ་དུ་རྣལ་འབྱོར་པ་གནས་ཚེ་ཤེལ་གྱི་སྐྱེས་བུ་ཡ་མཚན་དང་ལྡན་པས་ཤེལ་བུམ་ཡིག་འབྲུས་མཚན་པས་དབང་བསྐུར་བའི་རྨི་ལྟས་ལ་བརྟེན་ནས་སྲས་ཤིག་འཁྲུངས་པ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་སྟེ། དེ་ལ་གསང་བདག་དཔའ་བོས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས་རྫོགས་ཆེན་སེམས་མང་བཅོ་བརྒྱད། ཀློང་ཆེན་བམ་པོ་ཉི་ཁྲི་སོགས་ཀྱི་རྒྱུད་གཏད་དེ་རྒྱུད་ལུང་མན་ངག་ཀུན་གྱི་བསྟན་པའི་བདག་པོར་མངའ་གསོལ། དེ་ཉིད་ཉི་མ་སྣང་བྱེད་ཀྱི་རི་ལ་ལོ་ཉི་ཤུར་བསམ་གཏན་ལ་གཞོལ་བས་སྐུ་ཉི་ཞུར་ལྟ་བུར་གྱུར་ཞིང་ནམ་མཁའ་ལ་གཤེགས་བཞུད་མཛད། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་གདོད་ནས་ཐུགས་སུ་ཡོད་པ་ཞལ་འདོན་དུ་མཛད་པ་ལས་མཁའ་འགྲོ་མས་བསྡུ་བ་བྱས་ནས་ཡེ་གེར་བཀོད། ཐུགས་སྲས་གསུམ། བདུན། ཉེར་གཅིག་བརྒྱུད་སོགས་བྱུང་བའི་གཙོ་བོ་ནི་སིངྒ་ལའི་རྒྱལ་པོ་གཞོན་ནུ་དཔལ་གྱི་སྲས་འཇམ་དཔལ་བཤེས་གཉེན་ཏེ། དེ་ལ་བརྡ་བསྟན་པ་ཙམ་གྱིས་རྟོགས་གྲོལ་དུས་མཉམ་བྱུང་ཡང་བསྟན་པ་ཡོངས་རྫོགས་བྱ་ཕྱིར་དབང་བསྐུར་ཞིང་རྒྱུད་དང་མན་ངག་ཐམས་ཅད་གཏད། ཕྱིས་ཆུ་བོ་ལྡན་ཏིའི་མགོར་སློབ་དཔོན་འོད་ཕུང་དུ་ཡལ་ཚེ་འོད་ཀྱི་དཀྱིལ་ནས་འདས་རྗེས་ཀྱི་གླེགས་བམ་བབས་པས་རྟོགས་པ་མཉམ་ཞིང་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་བཏུས་ནས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེས། གནད་ལས་ཟབ་པ་སྙིང་གི་ཐིག་ལེའི་སྐོར་ལ་བཤད་རྒྱུད་དང་རྣར་རྒྱུད་གཉིས་སུ་ཕྱེས་ནས་ཕྱི་མ་མཆན་དུ་བཏབ། སྔ་མ་སྤེལ་བར་ཕོངས་ནས་རྡོ་རྗེ་གདན་དུ་གཏེར་ལ་སྦས། དུར་ཁྲོད་སོ་ས་གླིང་དུ་ལོ་བརྒྱ་དང་ཉེར་དགུར་བཞུགས་པ་ལ། སློབ་མ་ཤྲཱི་སིདྷས་གཙོས་པའི་པཎ་ཆེན་ཉེར་ལྔ་བྱུང་བའི་མཆོག་གཅིག་ནི་འཕགས་པ་ཀླུ་སྒྲུབ་སྟེ། དེས་ཨཱརྱ་དྷེ་ཝ་ལ་གནང་བས་འཇའ་ལུས་སུ་གཤེགས། རྒྱ་ནག་སློབ་དཔོན་ཤྲཱི་སེདྷ་ལ་མི་ལོ་ཉེར་ལྔའི་བར་ཆོས་བསྟན་ཅིང་། མཐར་འོད་ཕུང་དུ་ཡལ་ཚེ་འདས་རྗེས་བབས་པས་དགོངས་པ་མཉམ། དེ་ནས་ལོ་བརྒྱ་དང་ཉེར་ལྔ་ན་འཇམ་དཔལ་བཤེས་གཉེན་ཉིད་སླར་ཡང་ནུབ་ཕྱོགས་སུ་པདྨའི་སྡོང་པོར་རྫུས་སྐྱེས་སུ་བྱོན་པས་འཇམ་བཤེས་ཕྱི་མར་གྲགས་ཏེ་འདིས་སློབ་དཔོན་ཆེན་པོ་ལ་གསང་སྔགས་མཐའ་དག་བསྟན་ཅིང་། སངས་རྒྱས་ཡེ་ཤེས་ཞབས་རྗེས་སུ་བཟུང་སྟེ་སྔགས་གསར་མར་གྲགས་ཆེ་བའི་འཇམ་དཔལ་ཞལ་ལུང་ཞེས་དོན་རྫོགས་པ་ཆེན་པོ་དང་ཐ་མི་དད་པ་ཡང་བསྟན། ཤྲཱི་སེདྷས་མན་ངག་གི་དཔེ་ཕྱུང་ནས་ཐིག་ལེའི་སྐོར་ལ། ཕྱི། ནང་། གསང་བ། བླ་མེད་ཀྱི་སྐོར་ཏེ་བཞིར་ཕྱེས་ནས་སྔ་མ་གསུམ་གཏེར་ལ་སྦས། ཕྱི་མ་ཐུགས་ལ་གབ་སྟེ་བསིལ་སྦྱིན་དུར་ཁྲོད་དུ་བཞུགས། སློབ་མ་པད་འབྱུང་དང་། བི་མ་ལ་སོགས་བྱུང་བའི་གཙོ་བོ་ནི་ཛྙཱ་ན་སུ་ཏྲ་སྟེ་དེ་ལ་དབང་རྒྱུད་མན་ངག་ཐམས་ཅད་རྫོགས་པར་བསྟན་པ་དང་། མྱ་ངན་ལས་འདའ་བར་ཞལ་ཆེམས་གཟེར་བུ་བདུན་པ་གསང་བ་མན་ངག་དང་བཅས་པ་ཡང་གནང་། སླར་ཡང་བི་མ་ལ་མཁའ་འགྲོས་ལུང་བསྟན་ཏེ་ཛྙཱ་ན་སུ་ཏྲའི་དྲུང་དུ་བྱོན་པ་ལ་གདམས་པ་རྫོགས་པར་གནང་ནས་ཟག་བཅས་འོད་སྐུར་དེངས་ཚེ་འདས་རྗེས་བབས་པས་ཡེ་ཤེས་མཉམ་པ་སྟེ། དེ་དག་རྣམས་ནི་ཕུང་པོ་ལྷག་མེད་དུ་ཡལ་ཏེ་མཆོག་གི་དངོས་གྲུབ་བརྙེས་པས་རིག་འཛིན་བརྡ་བརྒྱུད་དུ་གྲགས། དེ་ལྟའི་ཡོ་ག་གསུམ་ལ་བརྒྱུད་ཚུལ་དང་། སོ་སོར་ཤེས་བྱེད་རྒྱུད་ཀྱི་རྣམ་གྲངས་ཀྱང་དཔག་ཏུ་མེད་པ་ཡོད་དེ་འདིར་ཡི་གེས་འཇིགས་སོ། །གཉིས་པ་བོད་དུ་ཇི་ལྟར་བྱུང་བའི་ཚུལ་ནི་ལྷ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་པོ་བྷོ་དྷི་ས་ཏྭ་དང་། སློབ་དཔོན་ཆེན་པོ་སྤྱན་དྲངས་ཤིང་བྲན་ཡང་དཔལ་གྱི་ཆོས་འཁོར་ཆེན་པོ་རྟེན་དང་བརྟེན་པ་བཅས་པ་འགྲོ་བའི་མཆོད་སྡོང་གཅིག་ཏུ་བཞེངས་ནས་རབ་གནས་དང་མངའ་གསོལ་མཛད། རྨ་གཉགས་ཅོག་གསུམ་གསེར་ཡིག་གསེར་གྱི་སྐྱེས་བཅས་རྒྱ་གར་རྒྱལ་པོའི་གམ་དུ་བརྫངས་པས། དེས་ཀྱང་མཆོད་གནས་པཎ་ཆེན་ལྔ་བརྒྱའི་ནང་ནས་མཆོག་གཅིག་བོད་དུ་སྤྱོན་པར་བསྐུལ་བ་ལས་ཀུན་གྱི་སྤྱི་ཕུད་དུ་བཞུགས་པ་བི་མ་ལ་ཕེབས་ནས་མདོ་སྔགས་ཀྱི་ཆོས་སྤྱི་དང་། ཁྱད་པར་རྫོགས་ཆེན་སྙིང་ཐིག་གི་གདམས་ཟབ་སྤེལ་བའི་སྐལ་ལྡན་དུ་གྱུར་བ་རྣམས་ལ་རྒྱ་ཆེར་བསྟན་ནས་དར་རྒྱས་སུ་འབྱུང་བ་སྟེ། འདི་དག་གི་ཆོས་བརྒྱུད་འཛིན་པ་ཕལ་ཆེར་ཕུང་པོ་འོད་སྐུར་གྲོལ་བ་ཤ་སྟག་བྱུང་ཞིང་། དེ་དག་ཀྱང་གང་ཟག་གཅིག་ནས་གཅིག་གི་སྙན་ཁུང་དུ་ཟམ་མ་ཆད་པའི་བརྒྱུད་པ་ད་ལྟའི་བར་དུ་བཞུགས་པ་ལ་གང་ཟག་སྙན་བརྒྱུད་ཅེས་གྲགས། དེ་ནི་སྙིང་ཐིག་བཀའ་མའི་ལུགས་སུ་ཡིན་གྱི་གཏེར་བརྒྱུད་ལྟར་ན་ཤྲཱི་སིདྷས་ཨོ་རྒྱན་ཆེན་པོ་དང་། དེས་དམ་པའི་ཆོས་མི་ནུབ་པ་དང་། གདམས་ངག་མི་འཕྱུགས་པ། བྱིན་རླབས་མི་ཡལ་བ། བརྒྱུད་ཐག་ཉེ་བ་སྟེ་དགོས་པ་བཞི་དང་ལྡན་པར་དགོངས་ནས་རྒྱུད་ལས་སྒྲུབ་ཐབས། སྒྲུབ་ཐབས་ལས་མན་ངག །མན་ངག་ལག་ལེན་དུ་བསྡེབས་ཏེ་མ་འོངས་པ་ན་འདོན་པར་འབད་པའི་ལས་ཅན་སོ་སོར་སྨོན་ལམ་དབང་བསྐུར་གཏད་རྒྱ་ལུང་བསྟན་དང་བཅས་མཚོན་བྱ་དོན་གྱི་མན་ངག་སྐུ་གསུམ་རང་བྱུང་གི་སྒྲོམ། མཚོན་བྱེད་ཚིག་གི་དཔེ་རྒྱུད་དང་། མྱོང་གྲལ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་གཏེར་གནས་ཐ་དད་པར་འབྱུང་བ་ལྔའི་རྒྱས་བསྡམས་ཏེ་སྦས་པ་འགྲོ་དོན་དུས་ལ་བབ་ཚེ་སྨོན་ལམ་ལས་ལྡན་གྱི་སྐྱེས་བུ་རྣམས་རིམ་པར་བྱོན་ནས་བཏོན་ཏེ་སྤེལ་བ་ལ། གཏེར་རིགས་བཅོ་བརྒྱད་དུ་ཡོད་པའི་ཀུན་གྱི་མཆོག་གྱུར་ཟབ་མོ་དགོངས་པའི་གཏེར་ཏེ། དེ་ཡང་དངོས་ཉམས་རྨི་ལམ་སྟེ་རབ་འབྲིང་ཐ་གསུམ་གྱི་ཚུལ་དུ་འབྱུང་བ་ལས། འདི་ནི་རྒྱལ་དབང་པདྨའི་ཐུགས་རྗེས་སྐུལ་ཏེ་སྟོན་མཆོག་དགའ་རབ་རྡོ་རྗེ་སླར་ཡང་གངས་ཅན་བསྟན་འགྲོའི་བསོད་ནམས་ཀྱི་དཔལ་དུ་བྱོན་པ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པའམ་ཀུན་མཁྱེན་མཁྱེན་བརྩེའི་འོད་ཟེར་དུ་གྲགས་པ། དུས་ནམ་ཞིག་གི་ཚེ་ཀུན་གཞི་ཆོས་སྐུར་སངས་ཏེ་གསལ་ལ་རྟོག་པ་མེད་པ་སྟོང་པའི་འོད་གསལ་གྱི་ངང་དུ་འབྱམས་ཀླས་པ་ལས་མཆེད་པ་ཕྱིར་གསལ་དུ་གཡོས་ཏེ་སྣང་བའི་འོད་གསལ་གྱི་རིགས་གདངས་སུ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གམ་དུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་དུ་སྤྲད་པ་ལས་བབས་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ལ། སྔ་འགྱུར་དབང་ཆུ་བཞི་ལྡན་གྱི་རྒྱུད་སྡེ་རྒྱ་མཚོའི་མན་ངག་ཕྱུང་ནས་ཟབ་གནད་གཅིག་ཏུ་དྲིལ་བའི་བཀའ་གཏེར་ཟུང་འཇུག་གི་གདམས་པ། མན་ངག་སྣ་རེས་ཀྱང་གང་ཟག་རེ་ཆོ་ག་གཞན་ལ་མི་ལྟོས་པར་སངས་རྒྱ་བའི་ཟབ་ཆོས་ཁྱད་འཕགས་འཇིག་རྟེན་ན་འབྱུང་བར་དཀའ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་ཉིད་དོ། །གསུམ་པ་བཞུགས་བྱང་དངོས་ལ། རྣམ་པར་དབྱེ་བའི་ས་བཅད་བཀྲ་ཤིས་པའི་རྟགས་ཀྱི་གྲངས་དང་ལྡན་པའི་ཁོངས་སུ་རྩ་བ་ཡན་ལག་གི་ཆོས་ཀུན་རྫོགས་པར་འདུ་བ་སྟེ། དེ་ཡང་གླེགས་བམ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་སྔ་མར། དང་པོ་ལོ་རྒྱུས་ངེས་པ་འདྲེན་པའི་ཆོས་ལ། ཀ་པ་ཌཱཀྐིའི་གསང་གཏམ་ཆེན་མོ། ཁ་པ་གསང་བ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན། ག་པ་གནད་བྱང་ཐུགས་ཀྱི་སྒྲོམ་བུ། ང་བ་རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ། གཉིས་པ་མ་སྨིན་པ་སྨིན་པར་བྱེད་པ་དབང་སྤྱིའི་ཁོག་འབུབས་ལ། ཅ་བ་རྩ་དབང་རྒྱལ་ཐབས་སྤྱི་བླུགས། ཆ་བ་དབང་གི་སྤྱི་དོན་སྙིང་པོ་དོན་གསལ། གསུམ་པ་རྒྱུད་ལ་བྱིན་རླབས་འཇུག་པ་ལ་ངེས་པར་གཅེས་པ། ཇ་བ་ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ། ཉ་བ་དེའི་དོན་དངོས་བསྟན་བཀྲལ་བ་བླ་མ་མཆོད་ཆོག་དངོས་གྲུབ་རྒྱ་མཚོ། ཏ་བ་ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ། ཐ་བ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་ཆར་རྒྱུན། བཞི་པ་སོ་སོའི་སྒོས་དབང་དང་འབྲེལ་བ་བུམ་དབང་གི་ལམ་ཁྱེར་བསྐྱེད་རིམ་ལེ་ལག་དང་བཅས་པ་ལ། ད་བ་ནང་སྒྲུབ་རིག་འཛིན་འདུས་པ། ན་བ་གབ་བྱང་གནད་ཀྱི་མིག་ཚགས། པ་བ་བསྙེན་ཡིག་དངོས་གྲུབ་ཀྱི་ཟ་མ་ཏོག །ཕ་བ་ཚེ་སྒྲུབ་བདུད་རྩི་བུམ་བཅུད། བ་བ་དེའི་དམིགས་གནད་གལ་མདོ། མ་བ་ཚེ་སྒྲུབ་དབང་བཤད་ལྷན་ཐབས། ཙ་བ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ལོ་རྒྱུས། ཚ་བ་ཡུམ་ཀའི་བྱིན་རླབས་དབང་གི་ཆོག །ཛ་བ་རྩ་སྒྲུབ་བདེ་ཆེན་དཔལ་གླེང་། ཝ་བ་དེའི་རྩ་བའི་བསྙེན་ཡིག །ཞ་བ་དེའི་དོགས་སེལ་ལུས་དཀྱིལ་མངོན་བརྗོད། ཟ་བ་ཡུམ་ཀའི་བདག་འཇུག་དབང་དོན་རབ་གསལ། འ་བ་མེ་མཆོད་ལས་བཞིའི་བང་མཛོད། ཡ་བ་སྐུ་གསུམ་བདུད་རྩིའི་བཅུད་ལེན། ར་བ་ཕྲིན་ལས་བདེ་ཆེན་སྙིང་པོའི་གཏེར་བུམ། ལ་བ་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཀླུ་དབང་དགོངས་རྒྱན། ཤ་བ་མཁའ་འགྲོ་གསུར་བཟློག་ངོ་མཚར་སྣང་བ། ས་བ་དེའི་གྲངས་གསོག་ཉེར་བསྡུ་དང་། སྐོང་བཤགས་ཀྱི་འཛུད། ཧ་བ་དཔའ་བོ་དཔའ་མོའི་གསུར་བཟློག །ཨ་བ་ཚེ་དབང་གི་མཚམས་སྦྱོར། ཀི་བ་གཡང་ཆོག་གཏེར་བུམ་སྒྲུབ་པའི་ལྷན་ཐབས་དང་བསེ་རགས་རྫོང་ཐབས། ཀུ་བ་རིགས་བདག་གི་སྒྲུབ་ཐབས་བདེ་བ་ཅན་གྱི་ཆོ་ག་གཞན་ཕན་གྱི་ཕྲིན་ལས་དང་བཅས་པ། ཀེ་བ་བདེ་བ་ཅན་གྱི་བསྟོད་སྨོན། ཀོ་བ་སྒྲིབ་སྦྱོང་གནས་ལུང་གི་ཆོ་ག་དག་བྱེད་གཏེར་བུམ། ཁི་བ་དུག་དབྱུང་བྱབས་བཀྲུས་ལྷན་ཐབས། ཁུ་བ་བླ་བསླུ་སྲོག་འཚོའི་ལྗོན་པ། ཁྱད་པར་ཡུམ་ཀའི་གསང་སྒྲུབ་ཤིན་ཏུ་ཟབ་པ་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱི་སྐོར་གུད་དུ་སྦས་པ་ལ། ཁེ་བ་དབང་ཆོག་བྱིན་རླབས་ཆུན་པོ། ཁོ་བ་གསོལ་འདེབས་བྱིན་རླབས་ཆར་འབེབས། གི་བ་གསང་སྒྲུབ་སེང་གདོང་མའི་སྒྲུབ་ཐབས་ལས་བྱང་། གུ་བ་དེའི་བསྙེན་ཡིག །གེ་བ་སྲུང་བཟློག་བྱད་མ་སྟོབས་འཇོམས། གོ་བ་བྱད་འགྲོལ་གནམ་ལྕགས་འཁོར་ལོ། ངི་བ་གཏོར་བཟློག་བྱད་གདོན་གཡུལ་འཇོམས། ངུ་བ་བཅའ་གཞི་གནད་ཀྱི་ཡིག་ཆུང་། ངེ་བ་ཕྲིན་ལས་གཞན་ཕན་འཁོར་ལོ། །ངོ་བ་སྤྱི་ཆིངས་དཔལ་ཆེན་ཞལ་ལུང་། ཅི་བ་དཔལ་ཆེན་བརྒྱུད་པའི་གསོལ་འདེབས། ཅུ་བ་ཐུགས་སྒྲུབ་དྲག་པོ་དཔལ་ཆེན་འདུས་པ། ཅེ་བ་དེའི་སྙེན་ཡིག །ཅོ་བ་གཤིན་རྗེ་འཆི་བདག་ཟིལ་གནོན། ཆི་བ་རྟ་མགྲིན་ཁམས་གསུམ་རོལ་པ། ཆུ་བ་ཡང་དག་སངས་རྒྱས་མཉམ་སྦྱོར། ཆེ་བ་ཕུར་བ་བདུད་དཔུང་ཟིལ་གནོན། ཆོ་བ་དཔལ་ཆེན་ཕྱག་རྒྱ་རྒྱས་པ། ཇི་བ་ཁྲག་འཐུང་རིགས་བཞིའི་སྒོས་དབང་། ཇུ་བ་སྒྲུབ་ཁོག་རིན་པོ་ཆེའི་ཟ་མ་ཏོག །ཇེ་བ་རིགས་བཞིའི་བསྙེན་པའི་དམར་བྱང་། ཇོ་བ་བདག་འཇུག་དབང་དོན་རྒྱ་མཚོ། ཉི་བ་རོལ་པ་ཆེན་པོའི་གཏོར་བཟློག །ཉུ་བ་གཟེར་ཁ་ཟབ་མོ་གུད་དུ་སྦས་པ། ཉེ་བ་སྲུང་བཟློག་འཁོར་ལོའི་ཞལ་ཤེས། ཉོ་བ་ཆེ་མཆོག་བདུད་རྩི་འཁྱིལ་བ་ཡོན་ཏན་འདུས་པའི་དཀྱིལ་འཁོར། ཏི་བ་སྨན་སྒྲུབ་ལག་ལེན་ཟིན་ཐོ། ཏུ་བ་བསྐྱེད་རིམ་གྱི་རྣམ་གཞག་འོག་མིན་བགྲོད་པའི་ཐེམ་སྐས། ཏེ་བ་ཞི་དྲག་ཐུན་མོང་ལ་མཁོ་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ། ཏོ་བ་ཞི་རྒྱས་དབང་དྲག་མཆོག་དང་ལྔའི་སྦྱིན་སྲེག །ཏཾ་བ་སྐོང་བཤགས་རྡོ་རྗེའི་ཐོལ་གླུ། ཐི་བ་གསང་སྒྲུབ་སྤྱན་རས་གཟིགས་སྡུག་བསྔལ་རང་གྲོལ། ཐུ་བ་དེའི་དཀའ་འགྲེལ་དབྱར་གྱི་རྔ་གསང་། ཐེ་བ་བདག་འཇུག་དབང་དོན་གསལ་བ། ཐོ་བ་པྲ་ཁྲིད་དམར་བྱང་གནད་ཡིག །དི་བ་གསོལ་འདེབས་ཞལ་མཐོང་མ། དུ་བ་དེ་ཉིད་ཁྲོ་བོ་ལྟར་སྒྲུབ་པ་རྟ་མགྲིན་འདུས་པ་དང་བཅས་སོ། །གཉིས་པ་ཕྱི་དུམ་ལ་དེ་མ་ཐག་པའི་འཕྲོ་ནས་རིམ་པ་བཞིན། དེ་བ་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན། དོ་བ་བླ་མ་དྲག་པོ་རྟ་ཁྱུང་འབར་བ། ནི་བ་དེའི་དབང་དང་བསྙེན་པའི་གནད་ཡིག །ནུ་བ་ཀླུའི་གདོན་འགྲོལ་འོག་གདོན་མཐར་བྱེད། ནེ་བ་གཞི་ལམ་འབྲས་བུའི་སྨོན་ལམ། ནོ་བ་སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ། པི་བ་བར་དོའི་སྨོན་ལམ་དགོངས་གཅིག་རྒྱ་མཚོ། པུ་བ་བདེན་ཚིག་གྲུབ་པའི་པྲ་ཎི་དྷ་རྣམ་མཁྱེན་གྲོང་འཇུག །པེ་བ་རིག་འཛིན་སྲོག་འཁོར་དཔལ་གྱི་གདུ་བུ། པོ་བ་ཞི་ཁྲོ་ངན་སོང་སྦྱོང་བའི་ཆོག་བསྒྲིགས་ཁྲོམ་དཀྲུགས་གསལ་བའི་རྒྱན། ཕི་བ་དེའི་ཞིབ་དཔྱོད་ལྷན་ཐབས། ཕུ་བ་ཡང་ཡིག་དཀའ་གནད་རྒྱ་འགྲོལ། ཕེ་བ་ལྷ་དབང་གི་བཀོལ་བྱང་དང་། ཉམས་ཆག་སྐོང་བའི་མན་ངག །ཕོ་བ་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དྲི་ཟའི་རྒྱུད་མངས། བི་བ་ཚེ་འདས་ལ་ཕན་གདགས་པའི་ཆོ་ག་གཞན་ཕན་ཐུགས་རྗེའི་དྲ་བ། བུ་བ་བསྲེག་སྦྱོར་སྒྲིབ་གཉིས་རྣམ་གྲོལ། ལྔ་པ་བཀའ་གཏེར་ཆོས་སྲུང་གི་སྐོར་ལ། བེ་བ་བཀའ་སྲུང་མ་མགོན་ལྕམ་དྲལ། བོ་བ་ལྕམ་དྲལ་གསུམ་གྱི་སྲོག་གཏད། མི་བ་ལྕམ་དྲལ་སྒྲུབ་པའི་གནད་ཡིག །མུ་བ་མདོས་སྐོང་སྲིད་པ་བཞི་བཞེངས། མེ་བ་མ་མོ་མཁའ་འགྲོའི་འཁྲུགས་སྐོང་། མོ་བ་གཡུལ་མདོས་བདུད་དཔུང་ཟིལ་གནོན། ཙི་བ་དེའི་སོགས་ཀྱི་ཡིག་ཆུང་། ཙུ་བ་གཟའ་རྒོད་སྲོག་གི་སྤུ་གྲི་དང་། བསྐུལ་བྱང་དུག་རླངས་འཚུབས་མ། ཙེ་བ་ཚེ་རིང་མའི་སྲོག་གཏད། ཙོ་བ་གསོལ་མཆོད་ཕྲིན་ལས་དཔག་བསམ་ཡོངས་འདུ། ཚི་བ་གབ་ཡིག་དོན་ཡོད་ཞགས་པ། ཚུ་བ་དེའི་ཡང་ཡིག་ཆིག་བརྒྱུད་མ། ཚེ་བ་གཡང་འགུགས་ཉུང་བསྡུས། ཚོ་བ་གཏལ་དཀར་མའི་ཕྱུགས་གཏའ། ཛི་བ་བརྒྱུད་མགོན་ འདི་ཀློང་སྙིང་གི་ཆ་ལག་མིན་ཀྱང་རྒྱལ་པོའི་ཕོ་བྲང་དུ་རྟེན་མདུས་སོགས་ལ་རྒྱུན་འདོན་དགོས་པའི་སྟབས་ཀྱིས་འདིར་བཞག་པ་ཡིན། ལེགས་ལྡན་ཚོགས་ཀྱི་བདག་པོའི་སྐོང་བ། ཛུ་བ་མགོན་པོ་ལེགས་ལྡན་གྱི་བསྐང་བ་རྒྱུན་ཁྱེར། དྲུག་པ་གསང་དབང་གི་ལམ་ཁྱེར་ལ། ཛེ་བ་འཕོ་བ་མ་བསྒོམས་སངས་རྒྱས། ཛོ་བ་འཕོ་བའི་ངོས་སྤྲོད་ཉུང་ངུ་། ཝི་བ་བདེ་སྟོང་རླུང་གི་རྫོགས་རིམ་དང་། དེའི་ཞལ་ཤེས། ཝུ་བ་གཏུམ་མོའི་འབར་འཛག་ཡིག་ཆུང་། བདུན་པ་དབང་གསུམ་པའི་ལམ་ཁྱེར་ལ། ཝེ་བ་ཐབས་ལམ་མ་བསྒོམས་སངས་རྒྱས་འཁྲུལ་འཁོར་དང་བཅས་པ། ཝོ་བ་འཁྲུལ་འཁོར་ལག་ཁྲིད། ཞི་བ་གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་། ཞུ་བ་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས། ཞེ་བ་དེའི་ཡི་གེ་བུ་ཆུང་ཕྱིན་དྲུག་ལང་ཚོ་སྟེ། དེ་རྣམས་ཀྱིས་ཤེར་དབང་ཡན་གྱི་ལམ་ཚང་ལ་མ་ནོར་བ་ལེ་ལག་དང་བཅས་པ་སྟོན་ལ། བརྒྱད་པ་ཁྱད་པར་མན་ངག་གི་གཞུང་འདིའི་རྗོད་བྱེད་ཀྱི་དོན་ དབང་གོང་མ་རིག་པའི་རྩལ་དབང་དང་བཅས་པའི་ ལམ་གོལ་འཕྱུགས་མེད་པར་སྟོན་པ་བཅོམ་ལྡན་འདས་དཔལ་གདོད་མའི་མགོན་པོའི་དགོངས་པའི་བཅུད་ལག་པའི་མཐིལ་དུ་བཀྲམས་པ་ལྟ་བུའི་མན་ངག་ལག་ལེན་དང་བཅས་པ་ནི། ཞོ་བ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལེའུ་ལྔ་པ། ཟི་བ་དེའི་མན་ངག་གི་རྒྱུད་ཕྱི་མ། ཟུ་བ་ལུང་ཀུན་ཏུ་བཟང་པོའི་དགོངས་ཉམས། ཟེ་བ་མན་ངག་གི་ཡི་གེ་གནད་གསུམ་ཤན་འབྱེད། ཟོ་བ་བློ་སྦྱོང་གི་ཁྲིད་ཡིག་ཐར་བའི་ཐེམ་སྐས། འི་བ་ཐུན་མོང་གི་སྔོན་འགྲོ་ཁྲིད་ཀྱི་ལག་ལེན་འདེབས་ལུགས། འུ་བ་ཐུན་མོང་མ་ཡིན་པའི་ཁྲིད་ཡིག་དྲན་པ་ཉེར་གཞག །འེ་བ་ཁྱད་པར་གྱི་ཁྲིད་ཡིག་གསང་བ་ཚང་ལ་མ་ནོར་བར་སྟོན་པ་ཡེ་ཤེས་བླ་མ། འོ་བ་རྒྱབ་ཆོས་ཀྱི་སྐོར་ལ་དབང་གི་ངེས་འབྱེད་དང་རྣལ་འབྱོར་གྱི་རིམ་པ་སྟོན་པ་པདྨ་དཀར་པོ། ཡི་བ་རྩ་བ་རྡོ་རྗེའི་ཚིག་རྐང་། ཡུ་བ་དེའི་དོན་འགྲེལ་ཀུན་མཁྱེན་ཞལ་ལུང་། ཡེ་བ་གོལ་ཤོར་ཚར་གཅོད་སེང་གེའི་ང་རོ། ཡོ་བ་རྫོགས་པ་ཆེན་པོ་གནས་ལུགས་ཅེར་མཐོང་། རི་བ་རི་ཆོས་ཞལ་གདམས་ངོ་མཚར་རྒྱ་མཚོ། རུ་བ་གཏོར་མའི་ཟིན་བྲིས་གསལ་བ་རྣམས་ཏེ་འདི་ཡན་གྱིས་རྩ་བའི་ཆོས་སྐོར་རྫོགས་ལ། གཞན་ཡང་དེའི་རྗེས་འབྲངས་སུ་ཉེར་མཁོ་ཐོར་བུའི་སྐོར་ལ། རེ་བ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཞལ་གདམས་ཀོ་གྲུའི་འཇིགས་སྐྱོབ། རོ་བ་མདོ་སྔགས་ཟུང་དུ་འཇུག་པའི་སྤྱོད་ཡུལ་ལམ་ཁྱེར་སངས་རྒྱས་ལམ་ཞུགས། ཕོ་བ་བདག་ཉིད་ཆེན་པོ་བཻ་རོའི་སྒྲུབ་ཐབས། རིག་འཛིན་འཇིགས་མེད་གླིང་པ་ལ་བརྟེན་པའི་བླ་མའི་རྣལ་འབྱོར། རྒྱལ་གདོན་ཞི་བའི་སྒོམ་བཟླས། བསྙེན་གནས་ཀྱི་ཆོ་ག་བྱ་རྒྱུད་བདེ་ལམ་རྣམས་ཏེ་ལེའུ་ཚན་བཞི། ལུ་བ་ཚེས་བཅུའི་དུས་དྲན་གསོལ་འདེབས་དང་། གུ་རུའི་གསོལ་འདེབས་གཉིས། ལེ་བ་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་ངག་འདོན་གྱི་སྐོར། ཀུན་མཁྱེན་ལུགས་ཀྱི་ཆུ་གཏོར་བརྒྱ་རྩའི་ལྷན་ཐབས་དང་འབྲེལ་བའི་སྤུངས་གཏོར་ཁྱེར་བདེ། དཀར་གསུར་ཞིང་ཁམས་ཀུན་ཁྱབ། དམར་གསུར་ལ་བརྟེན་ནས་རང་གཞན་གྱི་འཆི་བ་བསླུ་བ། གསོན་གཤིན་གྱི་བསྔོ་བ་ཉི་མའི་འོད་ཟེར། དུས་མཐར་གདབ་པའི་སྨོན་ལམ་བཅས་ལེའུ་ཚན་བརྒྱད། ལོ་པ་རབ་གནས་ཀྱི་རྒྱུད་ནས་གསུངས་པའི་མཆོད་ཕྲེང་ཀུན་ཏུ་རྒྱུ་དང་ཡན་ལག་ཨརྒའི་ཆོ་ག་གཉིས། ཨོ་བ་རབ་གནས་ཀྱི་ཆོ་ག་བཀྲ་ཤིས་འདོད་འཇོ་དང་བཅས་སྤྱིར་ཆོས་ཚན་བརྒྱ་དང་སུམ་བཅུ་སོ་དྲུག་ལ་ནང་གསེས་སུ་བརྒྱ་དང་ལྔ་བཅུ་ང་བདུན་ལེགས་པར་བཞུགས་པའོ། །
སླར་ཡང་སྨྲས་པ། མདོ་སྔགས་བསྟན་པ་རྒྱ་མཚོའི་ཁང་བཟང་ཆེར། །འཇི༷གས་བྲལ་ཐེག་མཆོག་ས་སྲུང་སྟེང་ན་འགྱིངས། །ལུང་རྟོགས་ཐོགས་མེ༷ད་རྡོ་རྗེས་རྒོལ་ངན་གླིང༷་། །འཇོམས་མཛད་སྔོན་མེད་ལྷ་དབང་རྫོགས་ཆེན་པ༷། །དུས་གསུམ་སངས་རྒྱས་གསུང་གི་གསང་བ་ལས། །ར༷ང་བྱུང༷་ཆོས་ཕུང་ཆུ་བོ་ཇི་སྙེད་ཀུན། །གཅིག་རྫོགས་སྡེ་གསུམ་ཀློང་དགུ་རྡོ༷་རྗེ༷འི་མཚོར། །དབང་བསྒྱུར་རིག་འཛིན་གདེངས་ཅན་དབང་པོ་དེར། །བརྗོད་བྱ་གདོད་མའི་མགོན་པོའི་དེ་བཞིན་ཉིད། །རྗོད་བྱེད་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས། །གསལ་བ་སྟོན་ཕྱིར་རྒྱལ་ཀུན་མགྲིན་གཅིག་པས། །ཀུན༷་མཁྱེན༷་རྒྱལ༷་བའི༷་མྱུ་གུར༷་མཚན་དུ་བསྔགས། །གང་གི་མཆོག་གསང་ཐུགས་ཀྱི་དཔལ་བེའུ་ནས། །པད་འབྱུང་བི་མའི་དགོངས་བཅུད་བདུད་རྩིའི་ཆར། །ཞི་བསིལ་ཤིན་ཏུ་འབབ་པ་ལས་ཅན་འགྲོའི། །རྣམ་གྲོལ་ཡེ་ཤེས་མྱུ་གུ་བསྐྱེད་ཕྱིར་དུ། །སྡེ་བཞིའི་དཔུང་པ་བཙན་པོས་ས་ཆེན་འགྲོ། །དབང་བྱེད་དགེ༷་བཅུའི་ཁྲིམས་ལྡན་ལྷུན་གྲུབ་སྟེང་། །གསུང་རབ་བདུད་རྩིས་ཁེངས་པའི་བུམ་བཟང་དུ། །ཆོས་སྦྱིན་མི་ཟད་གཏེར་འབྱུང་པར་དུ་བསྒྲུབས། །སླར་ཡང་རྒྱལ་བསྟན་ཐུར་མ་བརྒྱ་པའི་གདུགས། །བཤད་སྒྲུབ་དྲི་བྲལ་དར་གྱིས་ལེགས་སྤྲས་པ། །ཇི་སྲིད་ནུབ་མེད་ཡུ་བ་ཟབ་བརླིང་རྩེར། །རྟག་བརྟན་སྲིད་པའི་བླ་ན་འཁོར་གྱུར་ཅིག །རིས་བྲལ་བསྟན་འཛིན་སྐྱེ་བ་ལྔ་ལྡན་དུང་། །སྤངས་རྟོགས་མཁྱེན་པའི་རི་མོ་གཡས་སུ་འཁྱིལ། །ཐུགས་བསྐྱེད་དུས་སྨིན་རླུང་གིས་ཉེར་བསྐུལ་ཏེ། །དོན་གཉིས་སྙན་གྲགས་སྲིད་ཞིར་ཁྱབ་གྱུར་ཅིག །ཁྱད་པར་རྒྱལ་ཀུན་མཁྱེན༷་བརྩེའི༷་གཏེར་འཆང་ནོར། །མཚན་དཔེའི་འོ༷ད་ཟེར༷་སྟོང་དུ་འབར་བའི་སྐུ། །སྨོན་ལྡན་བོད་ཆེན་བསོད་ནམས་རྒྱལ་མཚན་རྩེར། །ལེགས་སོན་ཕུན་ཚོགས་འདོད་དགུ་སྩོལ་ཅིག་གུ། །གཙུག་ལག་ཀུན་གཟིགས་དགེ་འདུན་གསེར་མིག་ལྡན། །གཟུང་འཛིན་སྲིད་པའི་སྐམ་ལ་མི་གནས་ཤིང་། །རིག་གྲོལ་གཉིས་ལྡན་གཤོག་འཕྲུལ་ལ་བརྟེན་ནས། །ཚོགས་གཉིས་གཏིང་ཟབ་རྒྱ་མཚོར་གར་འཕྱོ་ཤོག །གངས་ཅན་མཚོ་ཡི་ཕྱག་གི་པདྨའི་ཕྲུམ། །ཉེར་ལྔའི་དབུས་མ་ལ་ཆགས་མི་མཇེད་ལྗོན། །དགེ་ལེགས་ཡོན་ཏན་ལོ་འདབ་རབ་གཡོ་ཞིང་། །རྣམ་དཀར་འབྲས་བུས་རྟག་ཏུ་དུད་པར་ཤོག །ཕུན་ཚོགས་འཇི༷གས་བྲལ༷་ཁྲི་ལ་ཚེ༷་རིང་ལྷས། །མི་དབ༷ང་མཆོག་གི་རྡོ༷་རྗེ༷་མངའ་གསོལ་བཞིན། །ཆོས་སྲིད་རིག༷་འཛི༷ན་གསེར་གྱི་འཁོར་ལོ་ཡིས། །སྲིད་ཞིར་དབང་བསྒྱུར་ཆོས་ཀྱི་རྒྱལ་པོར་བཞུགས། །ངང༷་བཞག་རྡོ་རྗེ་སྙིང་པོའི་གནས་ལུགས་དོན། །ཚུལ༷་བཞིན་མངོན་པར་བྱང༷་ཆུབ༷་ཆོས་རྒྱལ༷་མོ༷། །འཚོ་གཞེས་ཚེ༷་དབ༷ང་བདེ་སྦྱིན་ལྷ༷་མོ༷འི་སྐུར། །ལེགས་སྨིན་བསྟན་འགྲོར་དགེ་མཚན་མཆོག་ཏུ་སྩོལ། །བསོད་ནམས་ཡེ་ཤེས་རོལ་པ་མི་མོའི་ཟོལ། །ཡོངས་བསྟན་འགྱུར༷་བ་མེད་པའི་ཤེས་རབ་ཀྱིས། །གཙུག་ལག་ཆོ༷ས་ཚུལ་ཇི་སྙེད་མཁྱེན་དབ༷ང་མོ། །རྒྱལ་བསྟན་གསལ་བའི་སྒྲོན༷་མ༷ར་རྟག་བརྟན་གསོལ། །འདིས་མཚོན་དུས་གསུམ་དགེ་ཚོགས་ཉ་གང་ཟླ། །ཆོས་དབྱིངས་ལྷུན་གྲུབ་མཁའ་ལ་ཡོངས་བསྔོ་བས། །མཐའ་ཡས་སྲིད་པའི་མུན་སྟུག་གཏན་བསལ་ནས། །ཐར་པ་རྣམ་མཁྱེན་ཀུ་མུད་འཛུམ་གྱུར་ཅིག །རྣམ་དཀར་ལས་འདི་བགྱི་བ་དོན་ཡོད་དུ། །མཐོང་ནས་དོན་གཉེར་མཐུན་སྦྱོར་བྲི་བརྐོས་ལས། །བྱས་དང་བྱར་བཅུག་བྱེད་ལ་ཡི་རང་བའི། །འབྲེལ་ཐོགས་དེ་ཀུན་ཐར་པའི་ལམ་བརྙེས་ཤོག །འདི་སྨྲ་པོ་ཡང་སྐྱེ་བར་དལ་འབྱོར་ཐོབ། །ལོག་བར་མི་འཕྱན་རྗེ་བཙུན་བླ་མ་ཡི། །འཁོར་བ་ཞིར་སྒྲོལ་ཕྲིན་ལས་ཤིང་རྟ་ཆེ། །འདྲེན་པའི་ཁ་ལོར་གྱུར་ནས་གཞན་ཕན་ཤོག །ཇི་སྲིད་ཕྱི་སྣོད་འབྱུང་བ་ངང་གིས་སྙེམས། །ནང་བཅུད་སེམས་ཅན་བསོད་ནམས་ཤུགས་ཀྱིས་འཕེལ། །སྡེ་བཞིའི་དཔལ་འབྱོར་དགེ་བཅུའི་ཆོས་དང་ལྡན། །རྫོགས་ལྡན་བསྐལ་བར་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཡོངས་རྫོགས་བསྟན་པའི་མངའ་བདག་ཀུན་འཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་ནམ་མཁའི་རྣལ༷་འབྱོར༷་རམ་པདྨ༷་དབ༷ང་ཆེ༷ན་རོ༷ལ་པའི་རྡོ༷་རྗེ༷་སོགས་མཚན་གྱི་རྣམ་གྲངས་ཐ་དད་པའི་རོལ་མོས་ཕྱོགས་ཀྱི་ཁོར་ཡུག་ཏུ་ཁྱབ་པ་དེ་ཉིད་ཀྱི་དགོངས་གཏེར་ལས་བྱོན་པའི་ཟབ་རྒྱུད་རྒྱ་མཚོའི་སྙིང་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྐོར་འདི་ནི་གནད་བྱང་ཐུགས་ཀྱི་སྒྲོམ་བུར། ངང་ཚུལ་ཕོ་གྱོང་རྒྱལ་མོ་བཙུནཿ དབྱིངས་ཕྱུག་མཁའ་འགྲོ་ཨེ་ཀ་ཛཿ ཆོས་སྲིད་རྟེན་འབྲེལ་ལེགས་ཚོགས་སྤེལཿ ཞེས་འབྱུང་བའི་ཐོག་མ་ཉིད་དེ། དེ་ཡང་རྒྱལ་པོའི་ཐང་ཡིག་ཏུ། རྒྱལ་པོ་མུ་ཏིག་བཙན་པོའི་སྐུ་རིང་ལཿ ཇོ་མོ་དཔལ་གྱི་ངང་ཚུལ་ཁབ་ཏུ་བཞེསཿ ཞེས་པ་ནས། གཞན་ཡང་ཡར་ཀླུངས་བཙན་ཐང་གཙུག་ལག་ཁངཿ དཔལ་གྱི་ངང་ཚུལ་རྒྱལ་མོས་བཞེངས་སུ་གསོལཿ ཞེས་དང་། པདྨའི་རྣམ་ཐར་ཆེན་མོར། དེ་ནས་ངང་བྱུང་དཔལ་གྱི་རྒྱལ་མོ་བཙུནཿ ཐུགས་དམ་བཞེངས་པ་གཡུ་ཡི་ལྷ་ཁང་དུཿ སློབ་དཔོན་སངས་རྒྱས་གཉིས་པ་སྤྱན་དྲངས་ནསཿ ཞེས་བཤད་པའི། སྐལ་ལྡན་བུད་མེད་གྲོགས་གསུམ་གྱི་ནང་ཚན། བཙན་ཐང་གཡུའི་གཙུག་ལག་ཁང་སོགས་བཞེངས་པར་མཛད་པའི་ལྷ་ལྕམ་ངང་ཚུལ་བྱང་ཆུབ་དཔལ་གྱི་རྒྱལ་མོ་སྟེ། དེ་ཉིད་དུ་རྡོ་རྗེའི་ལུང་གིས་བསྟན་པའི་ས་དབང་ཆོས་ཀྱི་རྒྱལ་མོ་མཆོག་གི་ཐུགས་བསྐྱེད་ཀྱིས་ལེགས་པར་བརྩོན་ཞིང་། སླར་ཡང་ཀུན་མཁྱེན་བླ་མའི་འགྲོ་དོན་ཆོས་སྦྱིན་དར་རྒྱས་སུ་འཕེལ་བ་ལ་ཆེད་དུ་དགོངས་པས་བསླུ་ཡོན་ཀྱང་ཆུང་ངུར་བསྡུས་ཏེ་གཞུང་ཇ་འཁོར་དྲུག་གཉིས་ཀྱི་བབས་ལ་ཤོག་གྲངས་བཞི་བརྒྱ་ལྷག་བཅས་རེ་ཡོད་པའི་པུསྟ་ཀཿ གཉིས་པོ་དབུ་ཞབས་རྫོགས་པར་ཆ་ཚང་རེ་གནང་རྒྱུའི་བསྐལ་པ་ཇི་སྲིད་ཀྱི་བར་འགྱུར་མེད་བཀའ་ནན་གྱི་ཕྱག་རྒྱ་བསུབ་ཏུ་མེད་པ་གསལ་བར་བཀོད་པ་དང་བཅས་ཏེ། རིག་འཛིན་རྡོ་རྗེ་ཆོས་ཀྱིས་རི་མ་ལ་ཡ་གནམ་ལྕགས་ཡོད་པའི་རྩེར་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་རྒྱུད་རྒྱ་མཚོའི་ཆོས་འཁོར་བསྐོར་ཞིང་ཟ་ཧོར་རྒྱལ་པོ་ཨིནྡྲ་བྷོ་དྷིའི་ཕོ་བྲང་ཡང་སྟེང་དུ་ཏནྟྲའི་གླེགས་བམ་གྱིས་ཆར་ཕབ་པའི་ཕུར་བུ་ས་སྤྲེལ་ནས་ཉིས་སྟོང་དྲུག་བརྒྱ་ང་བཞི་དང་། གསང་བདག་དཔའ་བོས་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཀུན་གྱི་བསྟན་པའི་རྒྱལ་ཐབས་ལ་དབང་བསྐུར་བ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་བྱོན་པའི་ཁྲོ་བོ་ཤིང་གླང་ནས་ཉིས་སྟོང་སུམ་བརྒྱ་སོ་བདུན་འདས་པ་རྔ་ཆེན་ཞེས་བྱ་ཆུ་ཁྱི་ལོར། མདོ་སྨད་སྡེ༷་རིས་དགེ༷་བཅུས་སྐྱོང་བའི་སའི་ཚངས་པ་ཆེན་པོའི་རྒྱལ་ཁབ་ཏུ་པར་དུ་སྒྲུབ་སྐབས། བཞུགས་བྱང་ཉུང་ངུ་འདི་ཡང་མཆོད་ཡོན་ཟུང་གི་བཀའ་དྲིན་གྱིས་ཉེ་བར་འཚོ་ཞིང་མདོ་ཁམས་རྫོགས་ཆེན་པའི་འབངས་ཀྱི་གྲལ་གཤམ་དུ་འཁོད་པ་དམུན་པོ་ཐ་རམ་པ་འཇིགས་མེད་བློ་གསལ་འོད་ཟེར་ཀྱིས་དཔལ་ལྷུན་གྲུབ་སྟེང་གི་གཙུག་ལག་ཁང་དུ་སྦྱར་བ་ཐོག་མཐའ་ཀུན་ཏུ་དགེ་ལེགས་ཕུན་སུམ་ཚོགས་པའི་རྒྱུར་གྱུར་ཅིག་གུ། དགེའོ།། དགེའོ།། དགེའོ།།