ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ལེའུ་དྲན་པའི་གསོལ་འདེབས།
༄༅། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ལེའུ་དྲན་པའི་གསོལ་འདེབས་བཞུགས། །
ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔
རང་སྣང་རྣམ་དག་འོག་མིན་ཆོས་དབྱིངས་ཞིང་། །
གཞོན་ནུ་བུམ་སྐུ་ཀུན་བཟང་འོད་མི་འགྱུར། །
དུས་གསུམ་བྱ་རྩོལ་བྲལ་བའི་རྫོགས་པ་ཆེ། །
བླ་མ་ཆོས་སྐུ་གུ་རུ་རིན་པོ་ཆེ། །
འོད་གསལ་ཡེ་ཤེས་ལྔ་ལྡན་ལྷུན་གྲུབ་ཞིང་། །
སྤྱན་རས་གཟིགས་དབང་རིགས་ལྔའི་གངས་ཆེན་མཚོ། །
འཁོར་གསུམ་ཡིད་བྱེད་བྲལ་བའི་ཕྱག་རྒྱ་ཆེ། །
བླ་མ་ལོངས་སྐུ་གུ་རུ་རིན་པོ་ཆེ། །
སྟོང་ཁམས་བྱེ་བ་ཕྲག་བརྒྱ་མི་མཇེད་ཞིང་། །
བསྟན་གཉིས་རྒྱ་མཚོའི་སྒྲོན་མེ་ཚར་དུ་དངར། །
སྒོ་གསུམ་སྤྲོས་པ་བྲལ་བའི་དབུ་མ་ཆེ། །
བླ་མ་སྤྲུལ་སྐུ་གུ་རུ་རིན་པོ་ཆེ། །
རིགས་ལྔའི་ཞིང་དུ་སྐུ་ལྔའི་རྣམ་པར་བཞེངས། །
རྒྱུད་ལྔའི་འགྲོ་བ་ཕྲིན་ལས་ལྔ་ཡིས་འདུལ། །
དུག་ལྔ་མ་སྤངས་ཡེ་ཤེས་ལྔ་རུ་ཤར། །
ཐོད་ཕྲེང་སྡེ་ལྔ་གུ་རུ་རིན་པོ་ཆེ། །
ཡུལ་བརྒྱད་བདེན་མེད་སྣང་སྟོང་དག་པའི་ཞིང་། །
ཚོགས་བརྒྱད་དབུ་མར་ཐིམ་པའི་ཡེ་ཤེས་གདངས། །
བཀའ་བརྒྱད་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་སྐུ། །
བླ་མ་མཚན་བརྒྱད་གུ་རུ་རིན་པོ་ཆེ། །
རྒྱལ་ཀུན་སྒྱུ་འཕྲུལ་མཚོ་གླིང་པདྨར་འཁྲུངས། །
སངས་རྒྱས་མངལ་སྐྱེས་སྤངས་ཏེ་རྫུས་སྐྱེས་ཚུལ། །
མཆོག་གི་དངོས་གྲུབ་ཡ་མཚན་བསམ་མི་ཁྱབ། །
མཚོ་སྐྱེས་རྡོ་རྗེ་གུ་རུ་རིན་པོ་ཆེ། །
རྒྱལ་པོའི་སྲས་མཛད་རྒྱལ་སྲིད་ལ་མ་ཆགས། །
རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐྱངས། །
སྣང་སྲིད་དབང་བསྡུས་རྒྱལ་ཁམས་ཆོས་ལ་བསྒྱུར། །
པདྨ་རྒྱལ་པོ་གུ་རུ་རིན་པོ་ཆེ། །
རིག་པའི་གནས་ལྔ་ཀུན་མཁྱེན་པཎྜི་ཏ། །
ཤེས་བྱའི་ཆོས་རྣམས་ཐམས་ཅད་ཐུགས་སུ་ཆུད། །
འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་སྨྲ་བའི་སེང་། །
བློ་ལྡན་མཆོག་སྲིད་གུ་རུ་རིན་པོ་ཆེ། །
ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་བླ་མ་མཇལ། །
རྒྱུ་འབྲས་ཆོས་རྣམས་ཐོས་བསམ་སྒོམ་སྒྲུབ་མཛད། །
ཡོན་ཏན་མཐའ་ཡས་བསྟན་འགྲོའི་དཔལ་དུ་ཤར། །
པདྨ་སཾ་བྷ་གུ་རུ་རིན་པོ་ཆེ། །
བརྟུལ་ཞུགས་སྤྱོད་པས་གནས་ཡུལ་དུར་ཁྲོད་འགྲིམ། །
འབར་བ་འདུ་བ་ཉེ་རྒྱུས་འགྲོ་བ་འདུལ། །
མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་བྲན་དུ་ཁོལ། །
ཉི་མ་འོད་ཟེར་གུ་རུ་རིན་པོ་ཆེ། །
འདུལ་བཞིའི་ཆོ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །
འཛམ་གླིང་ཡུལ་གྲུ་མ་ལུས་ཆོས་ལ་བཀོད། །
མཆོག་ཐུན་དངོས་གྲུབ་ཟད་མེད་རྒྱ་མཚོའི་ཀློང་། །
པདྨ་འབྱུང་གནས་གུ་རུ་རིན་པོ་ཆེ། །
བསླབ་པ་གསུམ་ལྡན་དགེ་སློང་ཆ་ལུགས་འཛིན། །
སྡེ་སྣོད་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར། །
ཆེན་པོ་གསུམ་གྱི་ངོ་བོར་མངོན་སངས་རྒྱས། །
ཤཱཀྱ་སེངྒེ་གུ་རུ་རིན་པོ་ཆེ། །
བདུད་སྡེ་ཆོས་མིན་ཀླ་ཀློའི་རྒོལ་བ་འཇོམས། །
ཐུབ་བསྟན་ལུང་རྟོག་ཆོས་ཀྱི་སྒྲོན་མེ་སྦར། །
སངས་རྒྱས་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས། །
སེང་གེ་སྒྲ་སྒྲོགས་གུ་རུ་རིན་པོ་ཆེ། །
རྫུ་འཕྲུལ་དུ་མས་མི་དང་མི་མིན་བཏུལ། །
བོད་ཡུལ་འཕགས་ཡུལ་མཉམ་པའི་བསྟན་པ་སྤེལ། །
རྗེ་འབངས་སྨིན་གྲོལ་སྒྲུབ་གནས་བྱིན་གྱིས་བརླབས། །
རྡོ་རྗེ་གྲོ་ལོད་གུ་རུ་རིན་པོ་ཆེ། །
མ་འོངས་འགྲོ་ལ་བསྟན་པའི་བཙས་གསུམ་བཞག །
ལུང་བསྟན་དབུགས་དབྱུང་ཞལ་གདམས་བསླབ་བྱ་རྩལ། །
སྲིན་པོ་འདུལ་ཕྱིར་ཟངས་མདོག་དཔལ་རིར་གཤེགས། །
པདྨ་ཐོད་ཕྲེང་གུ་རུ་རིན་པོ་ཆེ། །
རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དཔོན་མཛད། །
བོད་ཁམས་འགྲོ་ལ་ཉིན་མཚན་དུས་དྲུག་གཟིགས། །
འཁོར་བ་མ་སྟོང་བར་དུ་སྤྲུལ་པ་འགྱེད། །
རཀྴ་ཐོད་ཕྲེང་གུ་རུ་རིན་པོ་ཆེ། །
རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྱིས་གྲུབ། །
འབྲས་ཆོས་ཉེར་ལྔའི་བདག་ཉིད་རྡོ་རྗེ་འཆང་། །
གསང་གསུམ་ཡོན་ཏན་རྣམ་ཐར་བསམ་མི་ཁྱབ། །
པདྨ་བཛྲ་གུ་རུ་རིན་པོ་ཆེ། །
ཡར་ངོ་མར་ངོའི་ཚེས་བཅུར་དངོས་སུ་འབྱོན། །
ནང་རེ་དགུང་རེར་སྤྲུལ་པའི་ཕོ་ཉ་འབྱོན། །
ཉི་ཟེར་འཆར་སྡུད་ཐུགས་རྗེ་བརྒྱུད་ནས་འབྱོན། །
སྣང་སྲིད་ཟིལ་གནོན་གུ་རུ་རིན་པོ་ཆེ། །
དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། །
དད་ལྡན་མི་རེའི་མདུན་དུ་པད་འབྱུང་རེ། །
མོས་གུས་ཅན་ལ་སྐད་ཅིག་འདུ་འབྲལ་མེད། །
བདེ་བ་ཆེན་པོ་གུ་རུ་རིན་པོ་ཆེ། །
མཚན་ཐོས་དྲན་པས་སྐལ་མང་སྡིག་ལྟུང་འཇོམས། །
མཆོད་བསྟོད་གསོལ་བཏབ་འཕྲལ་ཡུན་ཉེས་ཚོགས་ཞི། །
དད་ཅིང་མོས་པས་ཡེ་ཤེས་སྙིང་ལ་འཕོ། །
རྡོ་རྗེ་དྲག་རྩལ་གུ་རུ་རིན་པོ་ཆེ། །
སྙིགས་མ་ལྔ་བདོའི་མཐའ་ལ་ཐུག་པའི་ཚེ། །
ལྷ་གཞན་ཐུགས་རྗེ་ཆོས་གཞན་བྱིན་རླབས་ཆུང་། །
ཁྱེད་ནི་ཐུགས་རྗེ་བྱིན་རླབས་ལྷག་པར་ཆེ། །
ཡིད་བཞིན་ནོར་བུ་གུ་རུ་རིན་པོ་ཆེ། །
ཁྱོད་ཉིད་འགྲུབ་པས་སངས་རྒྱས་ཐམས་ཅད་འགྲུབ། །
ཁྱོད་ཞལ་མཐོང་བས་སངས་རྒྱས་ཀུན་ཞལ་མཐོང་། །
བདེ་གཤེགས་ཀུན་འདུས་པདྨ་ཐོད་ཕྲེང་རྩལ། །
སྐྱབས་སུ་མཆིའོ་བྱང་ཆུབ་སེམས་བསྐྱེད་དོ། །
སྐྱབས་གནས་གཞན་མེད་ཅི་མཛད་ཁྱོད་རང་ཤེས། །
སྐྱིད་སྡུག་མཐོ་དམན་ཅི་བྱུང་ཐེ་ཚོམ་མེད། །
འདི་ཕྱི་བར་གསུམ་དུས་ཀུན་ཐུགས་རྗེས་ཟུངས། །
སྐད་ཅིག་ཙམ་ཡང་འབྲལ་མེད་བྱིན་གྱིས་རློབས། །
ཤེས་རིག་རྒྱལ་པོ་བླ་མ་པདྨ་འབྱུང་། །
རིག་སྟོང་རྗེན་པའི་ངང་དུ་མཇལ་ཕྱག་འཚལ། །
ཕྱི་ནང་གཞན་གསུམ་འཁོར་འདས་མཉམ་པ་ཉིད། །
འཁོར་གསུམ་འཛིན་རྟོག་བྲལ་བའི་མཆོད་པ་འབུལ། །
ལྷན་སྐྱེས་ཀུན་བརྟགས་མ་རིག་སྒྲིབ་པའི་ཚོགས། །
སྤངས་བླངས་བསལ་བཞག་མེད་པའི་ཀློང་དུ་བཤད། །
ཡེ་གྲོལ་མ་བཅོས་རང་བབས་གཉུག་མའི་གཤིས། །
རང་གྲོལ་རྫོགས་པ་ཆེན་པོར་རྗེས་ཡི་རངས། །
ཐིག་ལེ་ཉག་གཅིག་ཁྱབ་བདལ་ཆོས་ཀྱི་སྐུ། །
བློ་ཟད་ཆོས་ཟད་ཆོས་ཀྱི་འཁོར་ལོ་བསྐོར། །
རང་བྱུང་ཡེ་ཤེས་ཡེ་ཐོག་དང་པོའི་གཞི། །
དུས་གསུམ་འགྱུར་མེད་རྟག་པར་བཞུགས་གསོལ་འདེབས། །
བྱར་མེད་མཉམ་བཞག་སྒོམ་མེད་ཡེངས་མེད་ཀྱི། །
དགེ་ཚོགས་དམིགས་མེད་ཆོས་ཀྱི་དབྱིངས་སུ་བསྔོ། །
བདེ་གཤེགས་སྙིང་པོས་ཁྱབ་པའི་འགྲོ་བ་ཀུན། །
གདོད་མའི་མགོན་དང་དབྱེར་མེད་སངས་རྒྱས་ཤོག །
སྲིད་ལ་མ་ཆགས་ཐར་པའི་ལམ་ལ་ཞུགས། །
ཞི་ལ་མ་ཆགས་རྒྱལ་སྲས་སྤྱོད་པ་འཇུག །
གང་ལའང་མ་ཆགས་སྙིང་པོའི་དོན་ལ་གཞོལ། །
མ་ཆགས་མི་ཆགས་ཆགས་ཐོགས་མེད་པར་ཤོག །
མཚན་ལྡན་བླ་མ་དམ་པ་ཚུལ་བཞིན་བསྟེན། །
བརྒྱུད་ལྡན་ཟབ་དགུའི་གདམས་ངག་ཚུལ་བཞིན་ཐོབ། །
དམ་ལྡན་ཁས་བླངས་མི་ཉམས་ཚུལ་བཞིན་བསྒྲུབས། །
ཚུལ་བཞིན་སྒྲུབ་ལ་བར་ཆད་མེད་པར་ཤོག །
སོ་བྱང་སྔགས་ཀྱི་ཚུལ་ཁྲིམས་རྣམ་པར་དག །
ཞི་ལྷག་བསྐྱེད་རྫོགས་ཏིང་འཛིན་རྣམ་པར་དག །
ཕྱག་རྫོགས་དབུ་མའི་ཤེས་རབ་རྣམ་པར་དག །
རྣམ་དག་བསླབ་པས་རང་བརྒྱུད་ཕྱུག་པར་ཤོག །
གནས་སྐབས་ནད་གདོན་བར་ཆད་འཇིགས་ཚོགས་ཞི། །
མཐར་ཐུག་སྡིག་སྒྲིབ་འཁོར་བའི་སྡུག་བསྔལ་ཞི། །
ནད་མུག་མཚོན་འཁྲུགས་དུས་ཀྱི་རྒུད་པ་ཞི། །
ཞི་བདེ་ལེགས་པའི་དཔལ་ལ་སྤྱོད་པར་ཤོག །
སྐྱེ་བ་ཀུན་ཏུ་གུ་རུས་རྗེས་སུ་བཟུང་། །
དུས་རྣམ་ཀུན་ཏུ་གསང་གསུམ་བྱིན་རླབས་འཇུག །
ཚེ་རབས་ཀུན་ཏུ་པདྨའི་ཕྲིན་ལས་སྒྲུབས། །
ཀུན་ནས་ཀུན་ཀྱང་དོན་གཉིས་ལྷུན་གྲུབ་ཤོག །
ཚེ་རིང་ནད་མེད་དམ་ཆོས་མཐའ་རུ་ཕྱིན། །
སེམས་བསྐྱེད་མི་ཉམས་ས་ལམ་མཐའ་རུ་ཕྱིན། །
མདོ་སྔགས་བཤད་སྒྲུབ་ལས་གསུམ་མཐའ་རུ་ཕྱིན། །
མཐར་ཕྱིན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །
གཟུངས་སྤོབས་ཏིང་འཛིན་མངོན་ཤེས་རྩལ་ཆེན་རྫོགས། །
རྫོགས་ཆེན་ཀ་དག་ལྷུན་གྲུབ་གཞི་ཐོག་གྲོལ། །
གྲོལ་ནས་འགྲོ་ཀུན་བདེ་ཆེན་ཞིང་དུ་འདྲེན། །
འདྲེན་པ་འོད་དཔག་མེད་དང་མཉམ་པར་ཤོག །
འཆད་བྱེད་པཎ་ཆེན་ཐམས་ཅད་མཁྱེན་པ་དངོས། །
བསྒྱུར་བྱེད་ལོ་ཙཱ་དུས་གསུམ་འགྲན་ཟླ་བྲལ། །
བསྒྱུར་བྱའི་དམ་ཆོས་ཐེག་པ་རིམ་དགུའི་བཅུད། །
བསྟན་འཛིན་སྐུ་ཚེ་མཛད་ཕྲིན་རྒྱས་པར་ཤོག །
སྤྱན་འདྲེན་ཡོན་བདག་ཆོས་རྒྱལ་བྱང་ཆུབ་སེམས། །
བསྒྱུར་གནས་གཙུག་ལག་སྤྲུལ་པའི་གཞལ་ཡས་ཁང་། །
ཞུ་རྟེན་མེ་ཏོག་རིན་ཆེན་ཕྱུར་བུར་སྤུངས། །
སྦྱིན་བདག་མངའ་ཐང་ཆོས་སྲིད་དར་བར་ཤོག །
ཆེ་བ་དྲུག་ལྡན་སྔ་འགྱུར་རྙིང་མ་ཞེས། །
རྒྱུ་སྐར་དབུས་སུ་ཉི་ཟླ་ལྟ་བུར་གྲགས། །
རིས་མེད་ཕྱོགས་མཐར་འཕེལ་རྒྱས་ཡུན་རིང་གནས། །
བཀྲ་ཤིས་དཔལ་འབར་དགེ་མཚན་རྒྱས་གྱུར་ཅིག །
ཅེས་པའང་པདྨའི་རིག་པ་འཛིན་པ་རྣམས་ཀྱི་ངོར། སྤྲེལ་ཟླའི་ཚེས་བཅུར་དཔལ་གྱི་བསམ་ཡས་སུ། ༧པདྨ་ཕྲིན་ལས་སྙིང་པོས་གུས་པས་སྦྱར། འབྲེལ་ཚད་གུ་རུའི་ཐུགས་རྗེས་འཛིན་པར་ཤོག །དགེའོ། །
