Concise Mahāmudrā Preliminaries—Tibetan

Schools & Systems › Mahāmudrā | Practices › Ngöndro | བོད་ཀྱི་བླ་མ།ཀརྨ་ཆགས་མེད།

English | བོད་ཡིག

ཀརྨ་ཆགས་མེད།

Buddha Vajradhara

Further information:
Download this text:

༄༅། །ཕྱག་ཆེན་སྔོན་འགྲོ་བསྡུས་པའི་འདོན་འགྲིགས་བཞུགས་སོ།།

 

དང་པོ་དལ་འབྱོར་རྙེས་དཀའ་བསྒོམ་པ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས།

མིར་གྱུར་པ་ནི་དཀའ་བ་སྟེ། །

མི་སྲོག་ཐོབ་པ་དཀའ་བ་ཡིན། །

དམ་པའི་ཆོས་ཐོབ་དཀའ་བ་སྟེ། །

སངས་རྒྱས་འབྱུང་བའང་དཀའ་བ་ཡིན། ། ཅེས་གསུངས་སོ།།

གཉིས་པ་མི་རྟག་པ་བསྒོམ་པ་ནི། སྤྱོད་འཇུག་ལས།

སང་དང་འཇིག་རྟེན་ཕྱི་མ་གཉིས། །

སྔོན་དུ་གང་འོང་གཏོལ་མེད་པས། །

སང་གི་ཆིས་ལ་མི་འབད་པར། །

ཕྱི་མའི་དོན་ལ་འབད་པར་རིགས། ། ཞེས་གསུངས་སོ།།

གསུམ་པ་རྒྱུ་འབྲས་བསྒོམ་པ་ནི། མདོ་དྲན་པ་ཉེར་བཞག་ཆུང་བ་ལས།

དགེ་བ་ཡིས་ནི་བདེ་བ་ཐོབ། །

མི་དགེ་བ་ལས་སྡུག་བསྔལ་འབྱུང་། །

དེ་ལྟར་དགེ་དང་མི་དགེ་བའི། །

ལས་ཀྱི་འབྲས་བུ་གསལ་བར་བསྟན། ། ཅེས་སོ།།

བཞི་པ་འཁོར་བའི་ཉེས་དམིགས་བསྒོམ་པ་ནི། ཡབ་སྲས་མཇལ་བའི་མདོ་ལས།

འཁོར་བའི་ཉེས་དམིགས་མཐོང་བ་ན། །

སྐྱོ་བའི་སེམས་ནི་རབ་ཏུ་བསྐྱེད། །

ཁམས་གསུམ་བཙོན་རར་འཇིགས་པས་ན། །

བརྩོན་པའི་སེམས་ཀྱིས་སྤང་བར་བྱ། །

དེ་ནས་སྐྱབས་ཡུལ་བསྒོམ་པ་ནི།

མདུན་དུ་མཚོ་དབུས་དཔག་བསམ་ལྗོན་ཤིང་གི །

སྡོང་པོ་རྩ་བ་གཅིག་ལ་ཡལ་ག་ལྔར། །

གྱེས་པའི་དབུས་མར་སེང་ཁྲི་པདྨ་དང་། །

ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་ནི། །

རྡོ་རྗེ་འཆང་ལ་བཀའ་བརྒྱུད་བླ་མས་བསྐོར། །

མདུན་དུ་ཡི་དམ་གཡས་སུ་སངས་རྒྱས་དང་། །

རྒྱབ་ཏུ་དམ་ཆོས་གཡོན་དུ་དགེ་འདུན་དང་། །

གདན་ཁྲིའི་འོག་ཏུ་ཆོས་སྐྱོང་སྲུང་མ་རྣམས། །

སོ་སོའི་རིགས་མཐུན་འཁོར་ཚོགས་རྒྱ་མཚོས་བསྐོར། །

མཚོ་མཐའ་ནེའུ་སེང་སྟེང་དུ་མཁའ་ཁྱབ་ཀྱི། །

མ་རྒན་ཐམས་ཅད་འཁོད་པར་གྱུར་པ་ལ། །

རྩེ་གཅིག་སེམས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གྱུར། །

ཅེས་བསྒོམས་ནས་སྐྱབས་འགྲོ་སེམས་བསྐྱེད་ནི།

འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །

བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །

དང་བའི་སེམས་ཀྱིས་སྐྱབས་སུ་གསོལ་བར་བགྱི། །

ཇི་ལྟར་སྔོན་གྱིར་རྒྱལ་བས་བྱང་ཆུབ་ཏུ། །

ཐུགས་བསྐྱེད་སྤྱོད་པ་སྤྱད་པར་མཛད་པ་ལྟར། །

བདག་ཀྱང་འགྲོ་ལ་ཕན་ཕྱིར་སེམས་བསྐྱེད་ཅིང་། །

བྱང་ཆུབ་སྤྱོད་པ་རྒྱ་ཆེན་སྤྱད་པར་བགྱི། །

ཚིག་བདུན་ལན་གསུམ།

བདག་ཚེ་འབྲས་ཡོད་དེང་འདིར་རྒྱལ་སྲས་གྱུར། །

ལྷ་མི་ལ་སོགས་འགྲོ་བ་ཁྱོན་ཀུན་ཡང་། །

བདེ་ལ་བགྲོན་དུ་བོས་ཟིན་དགའ་བར་གྱིས། །

ཐ་མར་སྐྱབས་ཡུལ་འོད་ཞུ་བདག་ལ་འདྲེས། །

དེ་ནས་སྡིག་སྒྲིབ་དག་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི།

རང་གི་སྤྱི་བོར་པད་ཟླའི་གདན་གྱི་སྟེང་། །

བླ་མ་རྡོ་རྗེ་སེམས་དཔའ་རྒྱན་ལྡན་དཀར། །

ཞལ་གཅིག་ཕྱག་གཉིས་གཡས་པས་རྡོ་རྗེ་དང་། །

གཡོན་པས་དྲིལ་བུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །

ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར། །

གསོལ་བ་བཏབ་པས་སྐུ་ལས་བདུད་རྩི་བབ། །

བདག་གི་ཚངས་བུག་ནས་ཞུགས་ལུས་གང་བས། །

སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པར་གྱུར། །

ཨོཾ་བཛྲ་སཏྭ་ས་མ་ཡ། སོགས་ཡིག་བརྒྱ་དང་ཡང་སྙིང་།

ཨོཾ་བཛྲ་སཏྭ་ཧཱུྃ།

བསྙེན་པ་ཅི་ནུས་བྱའོ།།

རྡོ་རྗེ་སེམས་དཔས་བདག་ལ་དབུགས་དབྱུང་ཞིང་། །

འོད་ཞུ་བདག་ལ་ཐིམ་པས་གཉིས་མེད་གྱུར། །

དེ་ནས་ཚོགས་རྫོགས་ཕྱིར་མཎྜལ་འབུལ་བ་ནི།

མདུན་གྱི་ནམ་མཁའི་དབུས་སུ་བླ་མ་དང་། །

མདུན་གཡས་རྒྱབ་དང་གཡོན་དུ་རིམ་པ་བཞིན། །

ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་དང་། །

རིགས་མཐུན་འཁོར་བཅས་གཞན་ཡང་གདན་མཚམས་སུ། །

ཆོས་སྐྱོང་རྒྱ་མཚོ་ལ་སོགས་དཀོན་མཆོག་རྣམས། །

ཚོགས་ཀྱི་ཞིང་མཆོག་དམ་པ་བཞུགས་པའི་དྲུང་། །

ལག་གཉིས་མཎྜལ་གྱི་ཕྱག་རྒྱས་བྱས་ལ།

མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །

བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །

དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །

སྲིད་ཞིར་མི་གནས་འགྲོ་རྣམས་སྒྲོལ་བར་ཤོག །

བདག་གཞན་མཁའ་ཁྱབ་བདོག་པ་ཀུན་ཕུལ་བས། །

འགྲོ་ཀུན་ཚོགས་གཉིས་རབ་ཏུ་རྫོགས་གྱུར་ཏེ། །

ཚོགས་ཞིང་འོད་ཞུ་བདག་དང་རོ་མཉམ་གྱུར། །

དེ་ནས་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི།

རང་གི་སྤྱི་བོར་པད་ཟླའི་གདན་སྟེང་དུ། །

རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ། །

རྒྱན་ལྡན་རྡོར་དྲིལ་འཛིན་པའི་ཕྱག་རྒྱ་བསྣོལ། །

རྡོ་རྗེའི་གདན་བཞུགས་བརྒྱུད་པའི་བླ་མ་དང་། །

དཀོན་མཆོག་རྒྱ་མཚོ་ཐོ་བརྩེགས་ཁྲོམ་དུ་འཚོགས། །

སྐབས་འདིར་རྒྱས་པར་བྱེད་ན་དངོས་ཀུན་ཁྱབ་བདག་མ་འདོན། འབྲིང་དུ་བྱེད་ན་རྡོ་རྗེ་འཆང་ཆེན་མ་འདོན། བསྡུས་པ་བྱེད་ན་མ་ནམ་བཞི་སྐོར་འདོན། ཤིན་ཏུ་བསྡུས་ན་གཞུང་རང་འདིས་ཆོག

བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །

བདག་འཛིན་བློ་ཡི་ཐོངས་བར་བྱིན་གྱིས་རློབས། །

དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །

ཆོས་མིན་རྣམ་རྟོག་འགགས་པར་བྱིན་གྱིས་རློབས། །

རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །

འཁྲུལ་པ་རང་སར་ཞི་བར་བྱིན་གྱིས་རློབས། །

སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །

ཞེས་རྒྱང་འབོད་ཀྱི་ཚུལ་དུ་བྱའོ།།

དེ་ནས་དབང་བཞི་ལེན་པ་ནི།

རྩེ་གཅིག་གུས་པས་དད་པ་ཕུལ་བ་ཡིས། །

འཁོར་རྣམས་འོད་དུ་ཞུ་ནས་གཙོ་བོར་ཐིམ། །

དེ་ཡང་འོད་ཞུ་བདག་ལ་ཐིམ་པས། །

སྐུ་དང་བདག་ལུས་འདྲེས་པས་བུམ་དབང་ཐོབ། །

དེ་ནས་གསུང་དང་ཐུགས་དང་ཡེ་ཤེས་ནི། །

བདག་གི་ངག་ཡིད་ཡེ་ཤེས་དང་འདྲེས་པའི། །

གསང་བ་ཤེས་རབ་ཡེ་ཤེས་བཞི་པའི་དབང་། །

ཐོབ་ཅིང་སྒོ་གསུམ་དྲི་མ་དག་པར་གྱུར། །

སྐུ་བཞིའི་ས་བོན་རྒྱུད་ལ་བཞག་པར་མཛད། །

དེ་ནས་ལུས་གནད་རྣམ་སྣང་ཆོས་བདུན་བཅའ།

ངོ་སྤྲོད་པ་ནི།

རྒྱུད་སམྦུ་ཊི་ལས།

འཇིག་རྟེན་ཁམས་ནི་གང་དུ་ཡང་། །

སངས་རྒྱས་གཞན་ནས་རྙེད་མི་འགྱུར། །

སེམས་འདི་རྫོགས་པའི་སངས་རྒྱས་ཡིན། ། ཅེས་གསུངས་པ་དང་།

རྗེ་རྒོད་ཚང་པས།

རང་གི་སེམས་ལ་གཅེར་གྱིས་ལྟོས། །

བལྟས་པས་མི་མཐོང་དངོས་པོ་མེད། ། ཅེས་དང་།

གྲུབ་ཆེན་ས་ར་ཧས།

འཁོར་འདས་ཀུན་གྱི་རྩ་བར་གྱུར་པའི་སེམས། །

རྟོགས་ནས་བསྒོམ་དུ་མེད་པས་ལྷུག་པར་ཞོག །

རང་ལ་བཞག་ནས་གཞན་དུ་ཚོལ་བ་ཨ་རེ་འཁྲུལ། །

འདི་ཡིན་འདི་མིན་མེད་དེ་ཐམས་ཅད་གཉུག་མའི་ངང་། ། ཞེས་གསུངས་སོ།།

དགེ་བ་འདི་ཡིས་མྱུར་དུ་བདག །

ཕྱག་རྒྱ་ཆེན་པོ་འགྲུབ་གྱུར་ནས། །

འགྲོ་བ་གཅིག་ཀྱང་མ་ལུས་པ། །

དེ་ཡི་ས་ལ་འགོད་པར་ཤོག །

ཅེས་པ་འདི་ཞག་རེ་ལྟ་བུ་ཐུན་བཞིར་འདོན་བསྒོམ་སྦྲག་ན་ཉམས་རྟོགས་སྐྱེ་ཞིང་ཕན་ཡོན་དཔག་ཏུ་མེད།

 

ཅེས་རྗེ་ཐམས་ཅད་མཁྱེན་པ་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པ་ལ་ཕྱག་ལེན་གྱིས་བརྒྱན་ཏེ་ཨ་རཱ་གས་འཕྲལ་དུ་བྲིས་པས་གྲྭ་པ་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག། །།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept