བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

བཤགས་པ།

English | བོད་ཡིག

༄༅། །བཤགས་པ།

 

ཨོཾ། རིག་འཛིན་བླ་མ་བདེ་གཤེགས་ཞི་ཁྲོ་དང་། །

དཔའ་བོ་མཁའ་འགྲོ་ཆོས་སྲུང་དམ་ཚིག་ཅན། །

དབང་སྐུར་མགོན་པོ་ཡེ་ཤེས་སྤྱན་མངའ་བ། །

ཀུན་མཁྱེན་གསལ་བའི་དགོངས་པ་བླ་ན་མེད། །

ཐུགས་རྗེ་དངོས་གྲུབ་བྱིན་རླབས་རྒྱ་མཚོའི་བདག །

བདག་གི་ནོངས་པ་བཤགས་ལ་དགོངས་སུ་གསོལ། །

 

ངང་ཉིད་ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །

རྟོག་པའི་དབང་གིས་འཁོར་བ་འདིར་འཁྱམས་ནས། །

ལས་དང་ཉོན་མོངས་བཟོད་དཀས་ཡུན་རིང་མནར། །

རྒྱུན་རིང་ཤུགས་དྲག་རྟོག་པའི་རྦ་རླབས་གཡོ། །

སྡུག་བསྔལ་སྣ་ཚོགས་དབང་གིས་ཉམས་རེ་ཐག །

འདི་ལ་སྐྱབས་དང་སྐྱོབས་པར་མཛད་དུ་གསོལ། །

 

བདག་ནི་ཐོག་མ་མེད་ནས་ད་ལྟའི་བར། །

ཉོན་མོངས་འདོད་ཆགས་ཞེ་སྡང་གཏི་མུག་ཞིང་། །

ང་རྒྱལ་ཕྲག་དོག་འཁྲུལ་པའི་ཀུན་བསླང་ནས། །

སྲོག་གཅོད་མ་བྱིན་བླངས་དང་མི་ཚངས་སྤྱོད། །

རྫུན་ཚིག་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་། །

བསྣབ་སེམས་གནོད་སེམས་ལོག་པར་ལྟ་བ་དང་། །

མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ། །

ལྕི་བཞི་ལོག་བརྒྱད་ཁ་ན་མ་ཐོ་བའི། །

སྡིག་པ་བགྱིད་དང་སྩལ་ཡི་རང་བའི། །

རང་བཞིན་མི་དགེ་སྡིག་པ་ཅི་མཆིས་པ། །

སྐྱབས་གནས་རྒྱ་མཚོའི་སྤྱན་སྔར་མཐོལ་ལོ་བཤགས། །

མི་གསང་མི་སྦེད་གནོང་འགྱོད་དྲག་པོས་བཤགས། །

ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་དོ། །

 

ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང་། །

སྤང་ལྟུང་སུམ་ཅུ་ལྟུང་བྱེད་དགུ་བཅུ་དང་། །

སོར་བཤགས་བཞི་དང་ཉེས་བྱས་བརྒྱད་བཅུ་གཉིས། །

དཀར་ནག་ཆོས་བརྒྱད་བླང་དོར་ཉམས་པ་དང་། །

རྩ་བའི་ལྟུང་བ་བཞི་དང་ཡན་ལག་གི །

ཉེས་བྱས་བཞི་དྲུག་ལ་སོགས་པའི། །

རྒྱལ་སྲས་བྱང་ཆུབ་སེམས་པའི་གནང་བཀག་གི །

མཚམས་ལས་འགལ་བའི་ཉེས་ལྟུང་ཅི་མཆིས་པ། །

མི་གསང་མི་སྦེད་གནོང་འགྱོད་དྲག་པོས་བཤགས། །

 

བརྟུལ་ཞུགས་ཉེར་ལྔ་རྩ་ལྟུང་བཅུ་བཞི་དང་། །

ཡན་ལག་སྦོམ་པོའི་ལྟུང་བ་རྣམ་པ་བརྒྱད། །

ཁྱད་པར་རྫོགས་པ་ཆེན་པོའི་དམ་ཚིག་ནི། །

ཉི་ཤུ་རྩ་བདུན་རྩ་བའི་ལྟུང་བ་དང་། །

ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་དང་། །

ལྷག་པའི་དམ་ཚིག་ཆེན་པོ་ཉི་ཤུ་སྟེ། །

བྱ་སྤྱོད་རྣལ་འབྱོར་བླ་ན་མེད་པ་ཡི། །

དམ་ཚིག་ཉམས་ཆག་མི་དགེ་སྡིག་པའི་ཚོགས། །

གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་སྩོལ། །

 

བདག་ནི་སེམས་ཅན་འཁྲུལ་བའི་རང་བཞིན་ལགས། །

མི་ཤེས་དབང་གིས་ཉེས་པ་ཅི་མཆིས་པ། །

དོན་དམ་ཡེ་ཤེས་མངའ་བའི་ལྷ་ལ་བཤགས། །

 

བརྩེ་བའི་དབང་གིས་བཟོད་པ་དང་དུ་བཞེས། །

དག་ཅིང་ཚངས་པའི་དགྱེས་པའི་ཞལ་རས་སྟོན། །

ཕྱིན་ཆད་མི་བགྱིད་དམ་བཅའ་ཁྱེད་ལ་འབུལ། །

རྩ་གསུམ་རྒྱ་མཚོའི་བྱིན་རླབས་རྨད་བྱུང་གིས། །

བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །

 

ཅེས་པ་འདི་ནི་གུ་ཎའི་མིང་གིས་བསྐུལ་བའི་ངོར། དུག་ལྔ་མེ་ལྕེ་དབྱིངས་སུ་འཁྱིལ་བའི་ཚ་ཟེར་ཅན་སྔགས་ཀྱི་རྣལ་འབྱོར་པ་ལས་འབྲེལ་རྩལ་གྱིས་བྲིས་པ་དགེའོ།། །།

 

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept