བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

གོ་འཇོ་བླ་མ་བདེ་ཆེན་ལ་གདམས་པ།

English | བོད་ཡིག

༄༅། །གོ་འཇོ་བླ་མ་བདེ་ཆེན་ལ་གདམས་པ།

གོ་འཇོ་བླ་མ་བདེ་ཆེན་མགོ་ཆེན་པོ་ཅན་དེ་ལ་སྤྲིངས་པ། ཕྲན་ཕ་ཡུལ་དུ་ནམ་འགྲོ་ཁྲིགས་ཆོད་རིན་པོ་ཆེ་མ་ཕེབས་པར་ཞུ་ངོ་མ་ཐོག བཀའ་འགྱུར་གྱི་ལུང་ཕ་ཡུལ་དུ་སོང་མ་ཐག་ཡོད་རྒྱུ་ཐག་ཆོད་ཡིན།

ཁྱོད་དྲན་རྒྱུ་མང་པོའི་བློ་སྣ་དེ། །
ཚེ་མི་རྟག་འཆི་བས་ཡང་ཡང་ཀློག །
སྒོམ་མཐོན་པོའི་གོ་ས་སྙོགས་པ་དེ། །
རང་མགོ་རང་གིས་བསྐོར་ལས་ཆེ། །
ཆོས་འོད་གསལ་རྫོགས་པ་ཆེན་པོ་དེ། །
སྔོན་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལས། །
དུས་དེང་སང་སྙིགས་མའི་སེམས་ཅན་ལ། །
མཁའི་གཟའ་སྐར་ཁྱི་ལ་བསྟན་པ་བཞིན། །
དེས་ན་བློ་སྣ་ནང་དུ་ཁུག །
བློ་ལྡོག་པ་ཆོས་བཞིའི་ཉམས་ལེན་ལ། །
དུས་ཉིན་མཚན་མེད་པར་བརྩོན་འགྲུས་ཀྱིས། །
དཔྱད་སྒོམ་དང་འཇོག་པའི་བསམ་གཏན་ལ། །
བློ་ཡང་ཡང་སྦྱང་ན་འདི་སྣང་གི །
བློ་སྣའི་གྲབ་ཤོམ་དེ་བཟློག་དེ་མཆི། །
ལས་རྒྱུ་འབྲས་ཕྲ་མོའི་མི་བསླུ་བའི། །
གནས་འདི་ལ་ཡིད་ཆེས་མ་སྐྱེས་ན། །
མིང་ཆོས་པར་གཏགས་ལ་དགོས་པ་ཆུང་། །
ཆོས་ཞུ་བའི་དོན་པོ་ཚེ་འདི་ལ། །
ཞེ་ལོག་གེ་སྒྲུབ་འདོད་ལོག་པ་དགོས། །
ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ། །
ལྟོགས་པ་ཟས་ལ་གདུང་བ་བཞིན། །
སྙིང་ནས་དོན་གཉེར་གྱི་འདུན་པ་བསྐྱེད། །
ལུས་ཆ་ལུགས་བསྒྱུར་ནས་མིང་སྤོས་པས། །
བློ་ཁྱིམ་པ་རྣམས་དང་འགལ་བ་དགོས། །
དེ་མིན་པར་མིང་ལ་བརྗེ་བཏགས། །
ཚེ་འདི་ཉིད་སྒྲུབ་པའི་བློ་སྣ་མང་། །
དོན་བྱ་བྱེད་མང་པོའི་ཟང་ཟིང་གིས། །
སྙིགས་མའི་དུས་ཆོས་པ་འགའ་ཡང་བསླུ། །
རང་རྒྱུད་ལ་མེད་པའི་ཁ་ལྟ་མཐོ། །
ལས་འབྲས་འཛེམ་བག་ཉིན་སྐར་གྱིས། །
དབེན་པའི་ཆོས་པ་འོང་དགོས་ནས། །
རྒྱུ་ཆོས་དང་མཐུན་ནམ་རྟོག་དཔྱོད་རྒྱོབས། །
ལམ་ཡོན་ཏན་གྱི་རྩ་བ་ཚུལ་ཁྲིམས་ཡིན། །
བྱ་བ་ལ་ངོ་ལྐོག་མེད་པ་ཡི། །
རྒྱལ་བ་མཉེས་པའི་ཚུལ་ཁྲིམས་དེ། །
སྲོག་དམར་པོ་དང་བསྡོས་ལ་མིག་བཞིན་སྲུངས། །
རྟེན་དེ་ལ་བརྟེན་པའི་ཡོན་ཏན་གྱི་ཆོས། །
འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི། །
ལུས་ཤིན་སྦྱངས་འདྲེས་པའི་ཏིང་ངེ་འཛིན། །
འབད་པ་དང་རྩོལ་མེད་དུ་ལྷུན་གྲུབ་འབྱུང་། །
ཚུལ་ཁྲིམས་དང་ཏིང་འཛིན་བཟང་པོ་ལས། །
ཆོས་བདག་མེད་རྟོགས་པའི་ཤེས་རབ་འབྱུང་། །
འདི་རྣམས་ནི་གཅིག་ལ་གཅིག་བརྟེན་པའི། །
རྒྱུ་འབྲས་ཀྱི་རྟེན་འབྲེལ་ཡོད་པས་ན། །
སེམས་འདི་ལ་མཛུབ་མོ་བཙུགས་ནས་སུ། །
རང་རྒྱུད་ལ་ནམ་ཡང་བསྐྱར་སྦང་དགོས། །
དེ་མ་ཡིན་པར་རང་འདོད་རྟོག་པ་ཁོའི། །
གང་འདོད་དུ་ཡན་པར་ཤོར་བ་ན། །
ཁོས་མི་བྱེད་བསམ་པ་གཅིག་ཀྱང་མེད། །
རང་འདོད་ཀྱི་རྟོག་པ་ཅིར་ཡང་བརྫུ། །
འཁོར་བ་འདིའི་འཇིགས་དང་སྡུག་བསྔལ་ཀུན། །
འདི་ཉིད་ལ་མ་བརྟེན་མི་འབྱུང་བས། །
རང་འདོད་འགོང་པོ་ལ་དགྲ་བཞིན་ལྟོས། །
ཆོས་བརྒྱད་ཀྱི་བསམ་པ་དུག་ལྟར་འཛེམ། །
དད་པ་དང་ངེས་འབྱུང་བྱང་ཆུབ་ཀྱི་སེམས། །
འདི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ། །
གནད་ཐམས་ཅད་བསྡུས་པའི་གདམས་པ་ཡིན། །
དོན་འཐད་དམ་དགོངས་ན་ཉམས་སུ་ལོངས། །
མི་འཐད་སྙམ་ན་གང་དགར་རོལ། །

ཅེས་རྩེད་མོའི་ཡིག་ཆུང་ཕུལ་བ་དགེའོ༎ ༎

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept