Düpung Zilnön Vajrakīlaya—Tibetan
༄༅༔ དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། ཕུར་པ་བདུད་དཔུང་ཟིལ་གནོན།
ཕྲིན་ལས་ཕུར་པའི་ལྷ་ལ་འདུད༔
ཡིད་དང་ཆོས་ཀྱི་རྟོག་ཚོགས་ཀུན༔
བྱ་བ་ནན་ཏན་ཡེ་ཤེས་དབྱིངས༔
སྦྱོར་བྱེད་བཛྲ་ཀུ་མཱ་ར༔
རྡོ་རྗེ་ཁྲོས་པའི་སྒོས་སྒྲུབ་བསྟན༔
ས་མ་ཡ༔
དཀྱིལ་འཁོར་ཡོངས་རྫོགས་བདག་ཉིད་ཅན༔
བསྙེན་ཕུར་དམ་ཚིག་ཆེན་པོའི་རྟེན༔
བསྒྲུབ་དུས་དཀྱིལ་འཁོར་གཞུང་བཞིན་ལ༔
ལྷ་གྲངས་མཉམ་པའི་ཕུར་པས་བརྒྱན༔
རྒྱན་བཀོད་མཆོད་གཏོར་བཟང་དུ་བཤམ༔
སྔོན་འགྲོ་དཔལ་ཆེན་གཞུང་ལྟར་ལ༔
དང་པོ་སྐྱབས་སུ་འགྲོ་བ་ནི༔
ཧཱུཾཿ བདེ་གཤེགས་ཡོངས་རྫོགས་དཀོན་མཆོག་གསུམ་གྱི་ངང་༔
དཔལ་ཆེན་འདུས་པའི་ངོ་བོར་ཡོངས་ཤར་བ༔
སྤྲོ་བསྡུའི་བྱེད་པོ་བྱང་ཆུབ་སེམས་ཀྱི་ལྷར༔
རང་ངོ་ཤེས་པའི་ངང་ནས་སྐྱབས་སུ་མཆི༔ ལན་གསུམ་
གཉིས་པ་སེམས་བསྐྱེད་ནི༔
ཧཱུཾཿ ཆོས་ཀྱི་དབྱིངས་ལ་ཕྱོགས་རིས་མཉམ་བརྡལ་ཡང་༔
མ་རྟོགས་འཁྲུལ་པར་འཁྱམས་པའི་བདག་འཛིན་བདུད༔
འོད་གསལ་ཆོས་སྐུའི་ཀློང་དུ་བསྒྲལ་བའི་ཕྱིར༔
དཔལ་ཆེན་ལྷ་ཚོགས་བསྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ་
གསུམ་པ་ཚོགས་གསོག་ནི༔
ཧོཿ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔
དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔
མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔
གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔
དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔
དག་པའི་མཆོད་པ་བཞེས་སུ་གསོལ༔
དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔
ཉེས་བྱས་མ་ལུས་བཤགས་པར་བགྱི༔
ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔
མ་ཆགས་སྤྱོད་ལ་རྗེས་ཡི་རང་༔
དག་པའི་མཐའ་བཞི་དྲི་མ་མེད༔
རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔
བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔
དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔
ཚེ་རབས་བགྲངས་པའི་ལས་རྣམས་ཀུན༔
བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ༔
བཞི་པ་བགེགས་གཏོར་གཏོང་བ་ནི༔
ཧཱུྃཿ ང་ནི་སྤྱི་དཔལ་ཆེན་པོ་སྟེ༔
བྱང་ཆུབ་བསྒྲུབ་ལ་བར་གཅོད་པའི༔
གནོད་བྱེད་ལོག་འདྲེན་འབྱུང་པོ་རྣམས༔
གཏོར་མ་ལོངས་ལ་ཕྱིར་དེངས་ཤིག༔
གལ་་ཏེ་བཀའ་ལས་འདའ་བྱེད་རྣམས༔
མགོ་བོ་ཚལ་པ་བརྒྱར་བཀས་ཤིང༔
ལུས་ནི་རྡུལ་ཕྲན་བཞིན་དུ་བཤིག༔
དྲགས་སྔགས་མེ་དཔུང་ཐུན་བཅས་བརྡེག༔
ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལཱ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ྄ཿ
ལྔ་པ་མཚམས་གཅོད་སྲུང་འཁོར་ནི༔
ཧཱུྃཿ བདག་ཉིད་ཞེ་སྡང་རྡོ་རྗེ་ཡི༔
སྤྱན་མིག་ཉི་ཟླར་འབར་ཞིང་བསྲེག༔
ཐུགས་ལས་ཁྲོ་བོའི་ཚྭ་ཚྭ་འཕྲོ༔
སྟོང་གསུམ་སྤྲུལ་པའི་མེ་ཡིས་འགེངས༔
ཕྱོགས་མཚམས་མཚོན་ཆ་འཆོལ་བས་གཏམས༔
བདག་མེད་སྟོང་པར་མཚམས་བཅད་དོ༔
ཨོཾ་སཱུརྻ་ཙནྼ་བཛྲ་ཀྲོ་ཏ་ཛྭ་ལ་རཾ་རཾ་ཙཀྲ་ཝརྟི་མ་ཧཱ་ཀྲོ་ཏ་སརྦ་དུཥྚཾ་ཨེ་ཧཱུཾཿཕཊ྄ཿ
དྲུག་པ་བརྡ་སྒོ་དབྱེ་ཕྱག་འཚལ༔ ནོངས་བཤགས་དམ་བཅའ་བཟུང་བ་ནིཿ
ཧཱུཾཿ མ་རིག་ལིང་ཏོག་ཡེ་ཤེས་ཐུར་མས་དབྱེ༔
སེམས་ཉིད་ལྷ་སྐུར་རྟོགས་པའི་བརྡ་ཕྱག་འཚལ༔
འགལ་འཁྲུལ་ནོངས་པ་ཆོས་སྐུའི་ཀློང་དུ་བཤགས༔
དཔལ་ཆེན་སྲོག་གི་ཕྱིར་ཡང་མི་གཏོང་ངོ་༔
ཨ་ལ་ལ་ཧོཿ
བདུན་པ་སྣོད་བཅུད་བྱིན་འབེབས་ནི༔
ཧཱུཾཿ དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས༔
ཆོས་སྐུའི་ཀློང་ནས་ཐུགས་རྗེ་བསྐྱེད༔
ལོངས་སྐུའི་རྣམ་རོལ་ཅིར་ཡང་བསྒྱུར༔
སྤྲུལ་སྐུའི་དཀྱིལ་འཁོར་བརྟེན་པར་བཅས༔
དབང་བསྐུར་བྱིན་ཕོབ་རྟགས་མཚན་སྟོན༔
ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄ཿ སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕཻཾ་ཕཻཾཿ
བརྒྱད་པ་མཆོད་པ་བྱིན་བརླབ་ནི༔
ཧཱུཾཿ དབྱིངས་ནས་ཡེ་ཤེས་འབྲུ་གསུམ་ཆར་དུ་བབས༔
མཆོད་རྫས་ཉེས་སྐྱོན་མ་དག་བསྲེགས་གཏོར་བཀྲུས༔
བྷྲཱུཾ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནང་༔
ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར༔
ཨོཾ་བཛྲ་ཨརྒྷཾཿ པཱ་དྱཾ་ པུཥྤེ་ དྷུ་པེ་ དཱི་པཾ་ གནྡྷེ་ རཱུ་པ་ ཤཔྟ་ གནྡྷེ་ རཱ་ས་ པརྴེ་སརྦ་པཱུ་ཙ་ཨཱཿཧཱུཾཿ
སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ༔
ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ
ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བྷ་ལིདྷ་བྷ་ལ་བྷ་ཏི་གུཧྱ་ས་མ་ཡེ་སྭཱ་ཧཱཿ
ཨོཾ་ཨཱཿཧཱུྃ་མ་ཧཱཿརཀྟ་ས་མནྟ་མཎྜལ་ཧཱུྃ་ཕཊ྄ཿ
ཏིང་འཛིན་གསུམ་ལ་ཁྱད་ཆོས་ལྡན༔
རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས༔
སྙིང་རྗེའི་འགལ་ཟླ་ལ་ཁྲོས་པས༔
ཀུན་སྣང་བྱང་ཆུབ་སེམས་སུ་ཤར༔
མཚོན་ཆེན་ཐུགས་ཀྱི་རྡོ་རྗེ་ནི༔
ཡིག་འབྲུས་མཚན་པ་རྒྱུ་ཡིན་ནོ༔
ཧཱུྃ༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔
ཐུགས་ནི་ཡང་དག་རྡོ་རྗེ་ཉིད༔
སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ༔
རྣམ་པར་མི་རྟོག་རྟོག་ལས་འདས༔
སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔
གསད་ཅིང་གནན་པ་མ་ཡིན་ཏེ༔
ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔
རྣམ་པར་ཤེས་པ་རྡོ་རྗེར་སྒོམ༔
མཚོན་ཆེན་སྔོན་པོ་འབར་བ་ནི༔
ནམ་མཁའི་དཀྱིལ་ནས་ཐིགས་པ་ཤར༔
སྲོག་གི་གོ་རུ་ཤར་བ་དང་༔
སྙིང་གི་གོ་རུ་བསྒོམ་པར་བྱ༔
རྒྱུ་ལས་འབྱུང་བའི་ས་བོན་ཆད༔
ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུྃ༔
ར་ལས་རཀྟ་སུཾ་ལས་ཞིང་ཆེན་གཞི༔
ཀེཾ་ལས་རུས་པའི་རི་དབང་བང་རིམ་ཅན༔
རཾ་ལས་བསྐལ་མེ་རབ་འབར་རྔམ་བརྗིད་ཀློང་༔
ཧཱུྃ་ལས་གནམ་ལྕགས་རྡོ་རྗེའི་བྲག་ཆེན་སྟེང་༔
ནམ་མཁའི་དབྱིངས་ནས་བྷྲཱུཾ་ཡིག་ལྔ་ལྡན་བབས༔
བྷྲཱུཾ་རཏྣ་བྷཉྫ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུཾཿ
བྷྲཱུཾ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁང་༔
ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁར༔
གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡན༔
གུ་ཎ་ཏྭ་ར་རྟ་བབས་བང་རིམ་བརྒྱད༔
ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོག༔
ཕྱི་རོལ་རིན་ཆེན་རྩིག་པའི་རྨིང་གི་གཞི༔
འདོད་སྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོད༔
ཕ་གུ་སེར་པོ་དྲ་བ་དྲ་ཕྱེད་མཛེས༔
ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོག༔
ནང་ནི་དུར་ཁྲོད་རོལ་བའི་གཞལ་མེད་ཁང་༔
ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུར༔
བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློང་༔
འོག་མིན་གསང་ཆེན་རོལ་བའི་ཕོ་བྲང་ཆེ༔
རབ་འཇིགས་གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས༔
བདེ་ཆེན་ཀུན་ཏུ་བཟང་མོའི་ཨེ་ཀློང་དབྱིངས༔
རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁར༔
མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་༔
རུ་ཏྲ་ཕོ་མོ་བདུད་བཞི་བྱི་ཆིངས་བསྣོལ༔
པཾ་པདྨ་མཎྜ་ལ༔
མ་སཱུརྻ་མཎྜ་ལ༔
ཨ་ཙནྡྲ་མཎྜ་ལ༔
ཛཿཧཱུྃ་བཾ་ཧོ༔
ཏི་ར་བཾ༔
ཨོཾ་བཛྲ་སཏྭ་ཧཱུྃ༔
རྡོ་རྗེ་ཧཱུྃ་ཡིག་ཡོངས་གྱུར་ལས༔
རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནི༔
མཚན་དང་དཔེ་བྱད་ཡང་དག་རྫོགས༔
ཀུནྡ་ལྟ་བུར་དཀར་བའི་མདོག༔
རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུ༔
འདུས་པ་རྡོ་རྗེ་གཞོན་ནུའི་སྐུ༔
ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དི་པྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔
ཞེ་སྡང་ཁྲག་འཐུང་རྒྱལ་པོ་དང་༔
བདེ་བར་སྦྱོར་དང་སྒྲོལ་བའི་ཡུམ༔
ཁྲོ་ཞིང་རྔམས་པའི་ཚུལ་བསྐྱེད་པས༔
གདུག་པ་མ་ལུས་སྒྲོལ་བར་བྱེད༔
ཨ་དང་ཧཱུྃ་གིས་རང་བཞིན་སྦྱར༔
ཡུམ་གྱིས་ཡབ་ཀྱི་ལྕེ་གཞིབས་ནས༔
ཡུམ་གྱིས་ཐུགས་ཀར་ཨུཏྤལ་གཏད༔
ཞུ་བ་གླུས་བསྐུལ་གདུང་བའི་སྒྲས༔
ཧཱུྃ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས༔
སྲིད་པ་རྡོ་རྗེར་བསྒྲུབ་མཛོད་ཅིག༔
སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔
ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔
སྥ་ར་ཎ་ཕཊ་བརྗོད་པས༔
རྒྱལ་བ་མཆོད་ཅིང་གཞན་དོན་བྱས༔
སཾ་ཧ་ར་ཎ་ཧཱུྃ་བརྗོད་པས༔
ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས༔
ཡབ་ཡུམ་སྦྱོར་བའི་མཁའ་རུ་ཞུགས༔
དགྱེས་ཆགས་ངང་ལ་འོད་དུ་ཞུ༔
གོང་བུའི་བདག་ཉིད་ཧཱུྃ་དུ་གྱུར༔
ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ༔
དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔
སྙིང་རྗེ་རྔམ་ཞིའི་ངང་ཉིད་ལས༔
སྒེག་དཔའ་འཇིགས་སུ་རུང་བའི་སྐུ༔
རྫུ་འཕྲུལ་ཞབས་བཞི་དོར་སྟབས་བགྲད༔
རྣམ་པར་ཐར་པའི་དབུ་གསུམ་གྱིས༔
སྐྲག་མཛད་བཞད་གཤེ་ཁྲོ་བོའི་ཞལ༔
གཡས་དཀར་གཡོན་དམར་དབུས་མཐིང་ནག༔
སྤྱན་དམར་སྨིན་མ་སྨ་ར་སེར༔
ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔
ཕྱག་དྲུག་གཡས་ཀྱི་དང་པོ་ཡིས༔
གསེར་གྱི་རྡོ་རྗེ་རྩེ་དགུ་དང་༔
བར་པ་རྡོ་རྗེ་རྩེ་ལྔ་བསྣམས༔
གཡོན་གྱི་དང་པོ་མེ་དཔུང་དང་༔
བར་མ་ཁཊྭཱཾ་རྩེ་གསུམ་འཛིན༔
མཐའ་གཉིས་རི་རབ་ཕུར་པ་འདྲིལ༔
མཐིང་ནག་སྐུ་ལ་དུར་ཁྲོད་ཆས༔
རིགས་ལྔ་ཐོད་པ་ལྔ་ཡིས་བརྒྱན༔
འཁོར་ལོ་རྒྱས་འདེབས་བདེ་བའི་ཡུམ༔
ཞལ་གཅིག་ཕྱག་གཉིས་ཐོད་སྦྲུལ་བརྒྱན༔
དྲིལ་བུ་ཐོད་ཁྲག་འཛིན་པས་འཁྱུད༔
ཨེ་ཀ་ཙ་ཏི་སྒྲོལ་བའི་ཡུམ༔
གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལ༔
རེས་འགའ་ཁ་ཊྭཱཾ་རྩེ་གསུམ་བསྣམས༔
གཡེར་ཀ་དྲིལ་བུ་ཉིད་ལས་ཀྱང་༔
རྟོག་མེད་ཆོས་ཀྱི་སྒྲ་འབྱིན་ཅིང་༔
མ་མོ་དྲུག་ཅུ་ཕོ་ཉར་འགྱེད༔
ཧཱུྃ་ལས་རྡོ་རྗེར་ཟླ་དཀྱིལ་ཨོཾ༔
པཾ་ལས་པད་འདབ་ཉི་མར་མཱུཾ༔
ས་མ་ཡ་ཧོ༔
ས་མ་ཡ་སཏྭཱཾ༔
རཱ་ག་ཡཱ་ཧོ༔
རཱ་ག་ཡཱ་མི༔
བརྡ་དང་བརྡ་ལན་གྱིས་བསྐུལ་ནས༔
ཛ༔ཧཱུྃ་བཾ་ཧོའི་ཕྱག་རྒྱ་བཞིས༔
སྟོང་པ་ཤིན་ཏུ་ཡོད་མེད་ལས༔
ཆགས་པ་ལྕགས་ཀྱུ་རོལ་པ་ཞགས༔
ཙུམྦྷ་སྒྲོག་ལ་སྒྲ་གྲགས་དྲིལ༔
གཉིས་མེད་བྱང་ཆུབ་སེམས་ཀྱི་སྤྲིན༔
དང་པོར་བབས་བ་ཡུམ་གྱི་མཁའ༔
གཞལ་མེད་ཁང་བྱུང་གཉིས་པ་གདན༔
གསུམ་པ་ས་བོན་ཉིད་དུ་རྫོགས༔
ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔
ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔
འབར་བའི་ཁྲོ་བོ་མི་བཟད་པའི༔
སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག༔
ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨཱ་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ྄༔
སྲས་མཆོག་ཀཱི་ལ་རིགས་ལྔ་ནི༔
སྟོང་ཉིད་དབྱིངས་ལས་ལོངས་སྐུར་ཤར༔
སྤྲུལ་པ་རྫས་ཀྱི་དཀྱིལ་འཁོར་དུ༔
ཡུམ་གྱི་བྷ་གར་ལྷུན་གྱིས་གྲུབ༔
བཛྲ་ས་མཱ་ཛ༔ས་སྤྱན་དྲངས་ནས༔
རིགས་ལྔ་སྟོང་དཔྱལ་བཅུའི་རང་བཞིན༔
ཐབས་ཀྱི་ཐལ་མོའི་བར་དུ་བྱོན༔
བདེ་བའི་རླབས་ཀྱིས་དབང་རྣམས་རྫོགས༔
དབང་རྟགས་རིགས་ལྔས་དབུ་ལ་བརྒྱན༔
སྟོད་ནི་གཙོ་བོ་ཡབ་འདྲ་ལ༔
སྨད་ནི་ཆུ་སྲིན་ཕུར་བུ་དབལ༔
ལྕགས་བསྲེགས་འབར་བ་མེ་སྟག་འཕྲོ༔
རྒྱ་མདུད་ནང་ནས་སྔགས་སྒྲ་སྒྲོགས༔
ཆུ་སྲིན་ཁ་ནས་མེ་ལྕེ་དང་༔
སྡིག་སྦྲུལ་སྦལ་ལྕོང་ཆོ་འཕྲུལ་འགྱེད༔
སྟོང་གསུམ་གདུག་པའི་ཀླུ་རྣམས་འདུལ༔
ཐུགས་ཀར་དཀྱིལ་འཁོར་ཡོངས་རྫོགས་དང་༔
དབུ་ལ་རིགས་ལྔའི་ཁྲག་འཐུང་རྫོགས༔
དགྲ་སཏྭ་གཡས་ལ་རང་རྟགས་གཡོན༔
བར་པ་ཁཊྭཱཾ་གཏུན་ཤིང་དང་༔
ཐ་མ་རི་རབ་ཕུར་བུ་འདྲིལ༔
རྒྱུད་ལྔ་ཡེ་ཤེས་ལྔ་རུ་སྒྲོལ༔
དུག་ལྔ་རྩད་ནས་གཅོད་པར་བྱེད༔
སངས་རྒྱས་འདུས་པ་ཐམས་ཅད་ཀྱི༔
སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔
ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན༔
ཛྭ་ལ་ཛྭ་ལ་པྲ་ཛྭ་ལ༔
སྥུ་ཊ་སྥུ་ཊ་སརྦ་ན་ས་པ་ན་ཡེ་ཧཱུྃ་ཕཊ྄༔
ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝཱཀྐ་བཛྲ་ནན༔
སརྦ་དུཥྚཾ་ཧྲི་ཤྭ་དྷ་ཡ་ཧཱུྃ་ཕཊ྄༔
ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་བཛྲ་ནན༔
ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ྄༔
ཅེས་བྱིན་གྱིས་བརླབས་ནས་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་ནི༔
ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུྃ་ཕཊ྄༔
ལུས་ཀྱི་བཀྲག་དང་ལྡན་པ་དང་༔
བ་སྤུའི་བུ་ག་རྡོ་རྗེས་གཏམས༔
མ་གུ་ཏ་ལ་པྲ་ཏ་ལ་ཧཱུྃ་ཕཊ྄༔
བུདྡྷ་ཐམས་ཅད་འདུས་པའི་སྐུར༔
ཁྲོ་བོ་དུ་མས་བྱིན་གྱིས་རློབས༔
བཻ་ཏཱ་ལི་མཎྜ་ལ་རཀྵ་རཀྵ་ཧཱུྃ་ཕཊ྄༔
ལུས་ཀྱི་བ་སྤུའི་བུ་ག་ཀུན༔
ཁྲོ་ཆུང་ཉིད་ཀྱིས་རབ་ཏུ་གཏམས༔
ཁམས་གསུམ་གདུག་པ་བསྒྲལ་བའི་ཕྱིར༔
གདུལ་བྱའི་གདན་ལ་བཞུགས་སུ་གསོལ༔
ས་མ་ཡ་ཏིཥྛ༔
ཞེས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་དུ་བསམ་མོ༔
དེ་ནས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི༔
གཙོ་བོ་ཡབ་ཡུམ་ཐུགས་ཀ་ནས༔
ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས༔
ཕྱོགས་སྐྱོང་བཀུག་ནས་སྟན་དུ་བཏིང་༔
སྦྱོར་བའི་ལམ་ནས་སྒོ་ང་བཅུ༔
ཕྱུངས་ཏེ་སྔགས་ཀྱི་སྒྲ་གདངས་ལས༔
ཁྲོ་བཅུ་ཁྲ་ཐབས་སོ་སོར་གྱུར༔
ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་ཧཱུྃ་ཕཊ྄༔ གརྫ་ཧཱུྃ་ཕཊ྄༔
གརྫ་ཧཱུྃ་ཕཊ྄༔
གརྫ་ཧཱུྃ་ཕཊ྄༔
སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ༔
ཁྲོ་བོ་རྡོ་རྗེ་ཧཱུྃ་མཛད་ནི༔
ཞལ་གཅིག་ཕྱག་གཉིས་མདའ་གཞུ་འགེངས༔
ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔
སྤྲུལ་པ་ཕག་དང་རྨིག་བུའི་མགོ༔
ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔
ཧ་ན་ཧཱུྃ་ཕཊ྄༔
ཧ་ན་ཧཱུྃ་ཕཊ྄༔
ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔
ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ༔
ཕྱག་ན་རྩེ་གསུམ་འཁོར་ལོ་བསྣམས༔
ཡུམ་ཆེན་རྡོ་རྗེ་སྙེམས་མ་དང་༔
སྤྲུལ་པ་སྟག་དང་བྱ་རྒོད་མགོ༔
ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ཧཱུྃ་ཕཊ྄༔ ད་ཧ་ཧཱུྃ་ཕཊ྄༔
ཤར་ལྷོ་མེ་ལྷའི་གདན་སྟེང་དུ༔
ནི་ལ་དཎྜ་དབྱུག་པ་མེ༔
ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་༔
སྤྲུལ་པ་གཡག་དང་བྱ་རོག་མགོ༔
ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པཙ་ཧཱུྃ་ཕཊ྄༔ པ་ཙ་ཧཱུྃ་ཕཊ྄༔
ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ༔
ཁྲོ་བོ་རྡོ་རྗེ་གཤིན་རྗེའི་གཤེད༔
ཕྱག་ན་ཐོད་དབྱུག་དགྲ་སཏྭ་བསྣམས༔
ཡུམ་ཆེན་དུར་ཁྲོད་བདག་མོ་དང་༔
སྤྲུལ་པ་ཤ་བ་འུག་པའི་མགོ༔
ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་ཧཱུྃ་ཕཊ྄༔ བྷནྡྷ་ཧཱུྃ་ཕཊ྄༔
ལྷོ་ནུབ་སྲིན་པོའི་གདན་སྟེང་དུ༔
ཁྲོ་བོ་མི་གཡོ་མགོན་པོ་ནི༔
ཕྱག་ན་རལ་གྲི་ཞགས་པ་བསྣམས༔
ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔
སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔
ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧྲཱི༔ ཧུ་ལུ་ཧཱུྃ་ཕཊ྄༔ ཧུ་ལུ་ཧཱུྃ་ཕཊ྄༔
ནུབ་ཕྱོགས་ཀླུ་དབང་གདན་སྟེང་དུ༔
ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ༔
ཕྱག་ན་ཞགས་པ་སྤུ་གྲི་བསྣམས༔
ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་༔
སྤྲུལ་པ་བྱི་ལ་པུ་ཤུད་མགོ༔
ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུཾ༔ ཏིཥྛ་ཧཱུྃ་ཕཊ྄༔ ཏིཥྛ་ཧཱུྃ་ཕཊ྄༔
ནུབ་བྱང་རླུང་ལྷའི་གདན་སྟེང་དུ༔
ཁྲོ་བོ་ཆེན་པོ་གཞན་ལས་རྒྱལ༔
ཕྱག་ན་མདའ་དང་རྔ་ཡབ་བསྣམས༔
ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔
སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔
ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཧཱུྃ་ཕཊ྄༔ ཚིནྡྷ་ཧཱུྃ་ཕཊ྄༔
བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔
ཁྲོ་བོ་རྡོ་རྗེ་བདུད་རྩི་འཁྱིལ༔
ཕྱག་ན་དབྱུག་ཏོ་རྒྱ་གྲམ་བསྣམས༔
ཡུམ་ཆེན་རྡོ་རྗེ་རླུང་འབྱིན་དང་༔
སྤྲུལ་པ་སེང་གེ་ཕ་ཝཾ་མགོ༔
ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་ཧཱུྃ་ཕཊ྄༔ བྷིནྡྷ་ཧཱུྃ་ཕཊ྄༔
བྱང་ཤར་འབྱུང་པོའི་གདན་སྟེང་དུ༔
ཁྲོ་བོ་རྡོ་རྗེ་ཁམས་གསུམ་རྒྱལ༔
ཕྱག་ན་ལྕགས་ཀྱུ་རིན་ཆེན་བསྣམས༔
ཡུམ་ཆེན་རྡོ་རྗེ་གསོད་མ་དང་༔
སྤྲུལ་པ་དོམ་དང་སྲེ་མོང་མགོ༔
ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་ཧཱུྃ་ཕཊ྄༔ སྥོ་ཊ་ཧཱུྃ་ཕཊ྄༔
འོག་ཕྱོགས་ས་བདག་གདན་སྟེང་དུ༔
ཁྲོ་བོ་རྡོ་རྗེ་སྟོབས་པོ་ཆེ༔
ཕྱག་ན་རྡོ་རྗེ་ཐོང་གཤོལ་བསྣམས༔
ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང་༔
སྤྲུལ་པ་དྲེད་དང་བྱི་བའི་མགོ༔
ཡུམ་རྣམས་གཡས་པ་དྲིལ་བུ་དང་༔
གཡོན་པ་དུང་ཆེན་སྟོབ་ཅིང་འཁྱུད༔
ཀུན་ཀྱང་རྡོ་རྗེའི་གཤོག་པ་གདེངས༔
དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྗིད༔
མཆེ་བ་ཅན་དང་གཤོག་པ་ཅན༔
ཕྲ་མེན་མགོ་བརྙན་ཉི་ཤུ་ནི༔
རྩིབས་མཆན་རྣམས་ལ་གཉིས་གཉིས་གནས༔
སྤྲུལ་དང་ཐོད་པས་རབ་ཏུ་བརྒྱན༔
ཕུར་པ་ལྕགས་ཀྱུ་ཕྱག་ན་བསྣམས༔
སྐྲ་བརྫེས་སྤྱན་དམར་མཆེ་བ་གཙིགས༔
ལྷ་ཚོགས་ཀུན་ཀྱང་སྐུ་མདོག་ནག༔
དུས་མཐའི་འོད་ཟེར་འབར་བ་འཁྲུགས༔
དེ་ནས་སྒོ་མ་བཞི་བསྐྱེད་པ་ནི༔
ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བི་ད་ཡ་བི་ད་ཡ་བིང་བིང་ཧཱུྃ་ཕཊ྄༔
ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མཿས་མནྟ་ཧྲིཾ་ཧྲིཾ་ཧཱུྃ་ཕཊ྄༔
ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་སུ་རུ་པྲ་སུ་རུ་ཧཱུྃ་ཕཊ྄༔
ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུྃ་ཕཊ྄༔
ཉི་ཟླ་ཡི་གེ་བཞི་ཉིད་ལས༔
དྲོད་གཤེར་ལས་སྐྱེས་སྒོ་མ་བཞི༔
ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ༔
སྐྱ་གའི་མགོ་ཅན་ལྕགས་ཀྱུ་མ༔
ལྷོ་ཕྱོགས་གྲུལ་བུམ་གདན་སྟེང་དུ༔
པུ་ཤུད་མགོ་ཅན་ཞགས་པ་མ༔
ནུབ་ཕྱོགས་ཆུ་བདག་གདན་སྟེང་དུ༔
སྲིན་བྱའི་མགོ་ཅན་ལྕགས་སྒྲོག་མ༔
བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ༔
ཁྲ་ཡི་མགོ་ཅན་དྲིལ་བུ་མ༔
དཀར་སེར་དམར་ལྗང་ཐོད་སྤྲུལ་བརྒྱན༔
ཕྱག་གཡོན་ཕུར་པ་བགེགས་ལ་གཟིར༔
མེ་དཔུང་དབུས་ན་ཀུན་ཀྱང་རྔམས༔
དྲག་པོའི་ཚུལ་གྱིས་ཞེ་སྡང་འཇོམས༔
མུ་རན་ལ་ནི་ཕུར་སྲུང་སྟེ༔
ཨེ་ཡཾ་མ་ཡ་བཞི་པོ་ལས༔
ཤྭ་ན་མུ་ཁ་བཞི་པོ་གསལ༔
ཛ༔ཡིག་བཞི་ལས་ས་བདག་བཞི༔
བྷྱོ་ཡིག་བཞི་ལས་བདག་ཉིད་བཞི༔
མཐུ་དང་རྫུ་འཕྲུལ་གློག་ལས་མྱུར༔
བསྟན་པ་སྲུང་ཞིང་ཉམས་པ་བདུན༔
ཞེ་ལ་བརྣག་པའི་སྟོབས་ཀྱིས་སྒྲོལ༔
གནས་གསུམ་བྱིན་བརླབ་ནི༔
སྙིང་ག་མགྲིན་པ་སྤྱི་བོ་རུ༔
ཟླ་བའི་དཀྱིལ་འཁོར་བསམས་ནས་ནི༔
རྡོ་རྗེ་པདྨ་འཁོར་ལོ་དག༔
ཧཱུྃ་ཨཱ༔ཨོཾ་གྱིས་མཚན་པ་ལས༔
ཐུགས་གསུང་སྐུ་ཡི་རྡོ་རྗེར་སྒོམ༔
རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་བཞག་ལ༔
ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔
དེ་བཞིན་དུ་ཝཱཀྐ་དང་༔ ཀཱ་ཡ་སྦྱར༔
ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱཀྐ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔
ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔
དབང་བསྐུར་བ་ནི༔
སྙིང་ཁར་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་མེད་ཁང་སྒོ་གཅིག་པའི་ནང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་མི་བསྐྱོད་པ་ཚོན་གང་བ་གསལ་བའི་སྒོ་སྲུང་རྟ་མགྲིན་ཡབ་ཡུམ་དུ་གསལ་ལ༔
ཡེ་ཤེས་སེམས་དཔའི་འོད་ཀྱིས་དབང་ལྷ་སྤྱན་དྲངས་བར་བསམས་ལ༔
ཧཱུྃ༔ ཐབས་ཀྱི་སྤྱོད་པས་གཞན་དོན་དུ༔
བྱམས་དང་སྙིང་རྗེས་གང་འདུལ་བ༔
སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔
དབང་དང་བྱིན་རླབས་བདག་སྩོལ་ཅིག༔
རིགས་ལྔའི་དབང་རྒྱ་གནས་སོ་སོར་བཞག་ལ༔
ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔
དེ་བཞིན་དུ་ཤཱུ་ནྱ་ཏའི་མལ་དུ༔ ཨ་དརྴ༔ ས་མ་ཏ༔ པྲ་ཏྱ་བེཀྵ་ན༔ ཀྲྀ་ཏྱ་ནུཥྛ་བཅུག༔
ཨོཾ་མ་ཧཱ་ཨ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔
ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔
ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔
ཨོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ༔
དེ་ནས་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བ་ནི༔
ཧཱུྃ་ཧཱུྃ་ཧཱུྃ༔
འགྲོ་དྲུག་ཉོན་མོངས་བཅིངས་པ་རྣམས༔
ཧཱུྃ་གིས་དུག་ཆེན་རབ་སྦྱངས་ཏེ༔
ཨ་ནྲི་སུ་ཏྲི་པྲེ་དུར་གྱུར༔
རཾ་ཡཾ་ཁཾ་ལས་མེ་རླུང་ཆུས༔
འགྲོ་བ་རབ་སྦྱངས་ཧཱུྃ་དུ་གྱུར༔
ཁམས་གསུམ་ཐམས་ཅད་རྡོ་རྗེ་སེམས༔
ཏིལ་གྱི་གོང་བུ་ལྟ་བུས་གང་༔
རྟ་མགྲིན་རྒྱལ་པོ་ཡེ་ཤེས་ལ༔
བསྟིམས་པས་བྱང་ཆུབ་སེམས་རྒྱས་གྱུར༔
ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས༔
ཡེ་ཤེས་ཁྲོ་བོ་སྤྱན་དྲང་ངོ་༔
དེ་ནས་སྤྱན་འདྲེན་པ་ནི༔
ཧཱུྃ༔ སྲིད་པ་ཕུར་བུ་སྒྲུབ་པ་དང་༔
དབང་དང་དངོས་གྲུབ་སྩོལ་བའི་ཕྱིར༔
ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔
ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་༔
རྟགས་དང་མཚན་མ་སྟོན་པ་དང་༔
རྡོ་རྗེ་ཕུར་པའི་དངོས་གྲུབ་སྩོལ༔
ཐུགས་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང་༔
བྱམས་པའི་ཞགས་པས་སྤྱན་འདྲེན་ནོ༔
ལྕགས་སྒྲོག་བཀའ་ཡི་ཕོ་ཉས་བཏབ༔
བདེ་གཤེགས་དྲིལ་བུས་དགྱེས་པ་བསྐྱེད༔
ཨེ་ཧྱ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ༔
བཞུགས་གསོལ་ནི༔
ཧཱུྃ༔ ཐུགས་མཆོག་གསལ་བའི་བྱིན་རླབས་ལས༔
ཞེ་སྡང་གནས་སུ་འཇོམས་པ་དང་༔
མེ་ལོང་ཡེ་ཤེས་ཐོབ་བྱའི་ཕྱིར༔
དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ༔
དཀྱིལ་འཁོར་དབུས་སུ་བཞུགས་ནས་ཀྱང་༔
ཉོན་མོངས་མུན་པ་བསལ་དུ་གསོལ༔
ས་མ་ཡ་ཏིཥྛ་ལྷན༔
ཕྱག་འཚལ་བ་ནི༔
ཧཱུྃ༔ ཡང་དག་དོན་དུ་སྐུ་ནི་ཅིར་སྣང་ཡང་༔
བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ༔
འདུལ་བའི་དབང་གིས་རབ་རྔམས་མཆེ་བ་གཙིགས༔
ཧཱུྃ་དང་ཕཊ྄་ཀྱི་སྒྲས་ནི་ཀུན་ཀྱང་བཀང་༔
ཉོན་མོངས་གདུག་པ་འདུལ་བའི་ཐུགས་རྗེ་ཡིས༔
བྱིན་རླབས་སྟེར་བའི་ལྷ་ལ་ཕྱག་འཚལ་ལོ༔
ཨ་ཏི་པཱུ་ཧོ༔
པྲ་ཏཱིཙྪ་ཧོ༔
མཆོད་པ་ནི༔
སྤྲོ་ན་ཕྱག་རྒྱ་གར་མཆོད་ནི༔
ཧཱུཾཿ སྒེག་དཔའ་འཇིགས་རུང་སྐུ་ཡི་གར༔
དགོད་གཤེ་དྲག་ཤུལ་གསུང་གི་གར༔
སྙིང་རྗེ་རྔམ་ཞི་ཐུགས་ཀྱི་གར༔
རང་བྱུང་གར་དགུའི་མཆོད་པ་བཞེས༔
མ་ཧཱ་མུ་དྲ་པཱུ་ཙ་ཧོཿ
ཡེ་ཤེས་གླུའི་མཆོད་པ་ནི༔
ཧཱུཾཿ དགའ་བ་བཅུ་དྲུག་རྡོ་རྗེའི་གླུ༔
ཡེ་ཤེས་གླུ་དང་མཉམ་སྦྱོར་བ༔
རང་ལས་བྱུང་ཞིང་རང་ལ་མཆོད༔
མི་རྟོག་ཡེ་ཤེས་མངོན་དུ་སྟོན༔
མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུཾཿ ཏེ་ན་ཏེ་ཏེ་ཧཱུཾཿ
ཉེར་སྤྱོད་འདོད་ཡོན་གྱི་མཆོད་པ་ནི༔
ཧཱུཾཿ ཉེར་སྤྱོད་ལྔ་དང་འདོད་ཡོན་ཀུན༔
དབང་པོ་ལྔ་ཡི་རྒྱན་དུ་ཤར༔
མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིས༔
དཔལ་ཆེན་ལྷ་ཚོགས་མཉེས་གྱུར་ཅིག༔
ཨོཾ་ཤྲཱི་བཛྲ་ས་པ་རི་ཝཱ་ར་དྷུ་པེ་ཧཱུཾཿ པུཥྤེ་ཏྲཱཾཿ ཨ་ལོ་ཀེ་ཧྲཱིཿ གྷནྡྷཻ་ཧོཿ ནཻ་ཝི་དྱེ་ཨཱཿ ཤབྡ་ཧཱུཾཿ སརྦ་པཱུ་ཛ་ས་མ་ཡ་ཧོཿ
བཅུ་བདུན་པ་གསང་བ་དུག་གསུམ་གནས་སུ་དག་པའི་མཆོད་པ་ནི༔
ཧཱུཾཿ འདོད་ཆགས་ཁྲག་ཆེན་ཞེ་སྡང་རུས༔
གཏི་མུག་ཤ་སྟེ་དུག་གསུམ་ཡང་༔
གདོད་ནས་སྐུ་གསུམ་ཆེན་པོའི་ངང་༔
རང་ལས་ཤར་ཞིང་རང་སར་གྲོལ༔
ཧ་ལ་པཉྩ་པཱུ་ཛ་ཧོཿ
བཅོ་བརྒྱད་པ་སྨན་མཆོད་ནི༔
རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔
རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔
རྒྱུ་དྲུག་སྡུག་བསྔལ་འཇོམས་པའི་རྩི༔
རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔
ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ
དབྱིངས་རིག་ཡབ་ཡུམ་སྣང་སྟོང་ཧེ་རུ་ཀ༔
ཆོས་ཀྱི་རྡོ་རྗེ་མཁའ་འགྲོ་ལས་ཀྱི་དབང་༔
རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ལ༔
མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ༔
སརྦ་པཉྩ་ཨམྲྀ་ཏ་ཁ་རཾ་ཁཱ་ཧིཿ
འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན༔
གྲུབ་ཆེན་བརྒྱད་དང་ལས་ཅན་དག་པའི་འཁོར༔
བརྒྱུད་པ་བདུན་ལྡན་ཐུགས་གཏེར་བདག་པོ་ལ༔
མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ༔
སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ
ཁ་སྐོང་ནི།
གང་དེས་རྗེས་བཟུང་དགོངས་གཏེར་ཆོས་ཀྱི་བདག །
མུ་རུབ་བཙད་པོའི་ཟློས་གར་ནིརྨ་ཀཱ། །
འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་ལ། །
མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །
སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི།
དེ་སྲས་ཐུ་བོ་ཆོས་ཀྱི་བློ་གྲོས་དང་། །
བཻ་རོའི་རྣམ་འཕྲུལ་གཞན་ཕན་མཐའ་ཡས་འོད། །
པདྨས་ལུང་བསྟན་བླ་མེད་རྡོ་རྗེ་རྩལ། །
མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །
སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི།
མཆོག་གྲུབ་རྒྱལ་པོའི་ཡང་སྲིད་བཅུ་གསུམ་པ། །
ངོ་མཚར་བཀའ་བབས་བདུན་ལྡན་མདོ་སྔགས་གླིང་། །
བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །
མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། །
སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི།
རྡོ་གྲུབ་ཆེན་གསུམ་པས་མཛད་པའོ༎
ཡེ་ཤེས་དགུ་རྫོགས་ཁྲག་འཐུང་དཀྱིལ་འཁོར་ལྷ༔
དཔལ་གྱི་བཀའ་སྡོད་འཇིག་རྟེན་དྲེགས་པའི་སྡེ༔
ཕུར་པ་ཕྲིན་ལས་བསམ་ཡས་ལྷུན་གྲུབ་ལ༔
མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ༔
སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ
བཅུ་དགུ་པ་དངོས་གྲུབ་བླང་བ་ནི༔
བདུད་རྩི་སྙིང་པོ་ཅན་གྱི་དབུས༔
སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས༔
ཡི་གེ་གསུམ་གྱི་རྣམ་པ་ཅན༔
དམ་ཚིག་ཕྱག་རྒྱ་གཉེན་པོས་བླང་༔
ཀཱ་ཡ་སིདྡྷི་ཨོཾཿ
ཝཱཀྐ་སིདྡྷི་ཨཱཿ
ཙིཏྟ་སིདྡྷི་ཧཱུཾཿ
མཐེ་བསྲིན་ཉི་ཟླའི་གའུས་བླང་༔
ཉི་ཤུ་པ་དམ་རྫས་གཏོར་མའི་མཆོད་པ་ནི༔
ཧཱུཾཿ བྷ་ག་ཡངས་པའི་གཏོར་གཞོང་དུ༔
ལིངྒ་འདོད་ཡོན་གཏོར་མར་འབར༔
རྡོ་རྗེ་བཟའ་བའི་དམ་ཚིག་རྫས༔
ཨ་ལ་ལ་སྟེ་དགྱེས་པར་རོལ༔
མ་ཧཱ་བ་ལིང་ཏ་ཁཱ་ཧི༔
ཉེར་གཅིག་པ་རཀྟ་མཆོད་པ་ནི༔
ཧཱུཾཿ ལྕང་ལོར་བཅས་པའི་དུང་ཆེན་དུ༔
ཆགས་སྡང་དབྱིངས་སུ་བསྒྲལ་བའི་ཁྲག༔
འཁོར་བ་གནས་སུ་དག་བྱའི་ཕྱིར༔
བླང་དོར་མེད་པ་བཞེས་སུ་གསོལ༔
མ་ཧཱ་རཀྟ་ཁཱ་ཧིཿ
ཉེར་གཉིས་པ་བདུད་རྩི་གསང་ནན་ནིཿ
ཧཱུཾཿ ཡབ་དང་ཡུམ་གྱི་རྒྱུ་གཉིས་ཀྱང་༔
ཕྱག་རྒྱ་བཞི་ཡི་རྐྱེན་གྱིས་སྦྱར༔
དུག་ལྔ་སྨན་དུ་གྱུར་པའི་རྫས༔
ཛ་གད་དཔའ་བོའི་བདུད་རྩིས་མཆོད༔
མ་ཧཱ་བཛྲ་ཨ་མྲྀ་ཏ་ཛ་གད་པཱུ་ཛ་ཧོཿ
ཉེར་གསུམ་པ་སྦྱོར་སྒྲོལ་གྱི་མཆོད་པ་ནིཿ
ཧཱུཾཿ རྡོ་རྗེ་པདྨོའི་གྲོང་ཁྱེར་ལ༔
སྙོམས་པར་ཞུགས་པར་རབ་བསྐུལ་བས༔
ལྷ་ཚོགས་ཀུན་ཀྱང་མཉེས་གྱུར་ཏེ༔
སྡུག་བསྔལ་བདེ་བ་ཆེན་པོར་སྦྱོར༔
རྣམ་རྟོག་བདག་མེད་དབྱིངས་སུ་སྒྲོལ༔
ཛཿཧཱུྃ་བཾ་ཧོཿ ཏ་ན་ག་ན་པཱུ་ཛ་ཧོཿ
ཉེར་བཞི་པ་བསྟོད་པ་ནིཿ
བསྡུ་ན་དེའི་ཚབ་ཏུ༔
ཧཱུྃ༔ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔
ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔
འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔
དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔
ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་བར་དང་༔
སརྦ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི༔
རྒྱས་བསྡུས་ཇི་ལྟར་ཡང་ཕུར་པའི་སྒོས་ཆོས་རཀྟ་ཚར་གསུམ་ནི༔ ཕུད་དང་རཀྟ་བསྲེས༔
དང་པོ་ཕོ་ཉ་ལ་བཀའ་བསྒོས་ཏེ་མངོན་སྤྱོད་ཀྱི་ཚུལ་དུ་ཕུལ་ནས༔
ཧཱུྃ༔ དངོས་གྲུབ་བར་གཅོད་བྱེད་པའི་བགེགས༔
གདུག་ཅིང་སྡང་སེམས་ལྡན་པ་རྣམས༔
ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔
རྟོགས་ཤིག་གྲོགས་དང་བྲལ་བར་གྱིས༔
རིངས་པར་ཁུག་ལ་སྨར་ཆུག་ཅིག
ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔
ང་ཡི་དབང་དུ་གྱུར་ནས་ཀྱང་༔
བསྒོ་བའི་བཀའ་ནི་ཉན་པར་གྱིས༔
མ་ཧཱ་རཀྟ་ཁཱ་ཧི༔
གཉིས་པ་དམ་ཅན་ལ་ཐ་ཚིག་བསྒྲག་པའི་ཕྱིར་ཕུལ་ནས༔
ཧཱུྃ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔
ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔
སྔོན་ཆད་ཇི་ལྟར་དམ་བཅས་པའི༔
མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད༔
མ་ཧཱ་རཀྟ་ཁཱ་ཧི༔
གསུམ་པ་གནོད་བྱེད་ཀྱི་མཐུ་དང་རྫུ་འཕྲུལ་འཕྲོག་ཕྱིར་ཕུལ་ནས༔
ཧཱུྃ༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔
གདུག་ཅིང་སྡང་སེམས་ལྡན་པ་རྣམས༔
ལྷའམ་འོན་ཏེ་བདུད་ཀྱང་རུང་༔
ང་ལ་བར་ཆད་བྱེད་པ་རྣམས༔
མཐུ་དང་རྫུ་འཕྲུལ་མེད་པར་མཛོད༔
མ་ཧཱ་རཀྟ་ཁཱ་ཧི༔
བསྟོད་པ་ནི༔
ཧཱུྃ༔ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་༔
དགོད་དང་གཤེ་དང་འཇིགས་པར་སྟོན་པ་དང་༔
སྙིང་རྗེ་རྔམ་ཞི་རྡོ་རྗེ་གཞོན་ནུའི་སྐུ༔
ཞེ་སྡང་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད༔
ཡབ་ཀྱི་ཐུགས་དམ་དགྱེས་པ་སྐོང་བའི་ཡུམ༔
འཁོར་ལོ་རྒྱས་འདེབས་འདོད་ཆགས་འཇོམས་མ་དང་༔
ཨེ་ཀ་ཙ་ཏི་ཞེ་སྡང་འཇོམས་མཛད་མ༔
འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་ལ་བསྟོད༔
ཡེ་ཤེས་ལྔ་ལྡན་ཕུར་བུས་དུག་ལྔ་འཇོམས༔
ཕྲིན་ལས་ལྔ་ཡིས་དྲེགས་པ་སྒྲོལ་བ་ལ༔
ཐོགས་པ་མེད་པའི་ལས་མཛད་འདུས་པ་ལྔ༔
སྲས་མཆོག་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད༔
ཡེ་ཤེས་རོལ་པའི་སྟོབས་བཅུས་མི་དགེ་འཇོམས༔
སྐུ་གསུང་ཐུགས་ཀྱིས་གདུག་པ་སྒྲོལ་བར་མཛད༔
ཡང་དག་དོན་གྱིས་ལོག་འདྲེན་འཇོམས་མཛད་པ༔
ཁྲོ་བོ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བསྟོད༔
བྱང་ཆུབ་བདེ་ལ་རོལ་བའི་ཕོ་ཉ་མོ༔
གདུལ་བྱའི་དོན་ལ་ཁྲ་ཐབས་གཟུགས་འཛིན་ཅིང་༔
དྲེགས་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པ༔
ཕྲ་མེན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད༔
འཛབ་དགོངས་ནི༔
སྒྲུབ་པ་དང་སྒྲུབ་ཆེན་སོགས་ལ༔
བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ྄༔ཛ༔
ཡིས་འཛབ་ཁང་དབྱེ་ནས་བདག་མདུན་གྱི་རྣམ་པར་གསལ་བ་ཀུན་ལ་འགྲེ་ཞིང་བསྙེན་པ་ནི༔
ཧཱུྃ༔ ཐུགས་ཀ་དཔལ་གྱི་བེའུའི་དཀྱིལ་འཁོར་ནས༔
སྒོ་གཅིག་རིན་ཆེན་གཞལ་ཡས་ཁང་༔
བདེ་སྟོང་དབྱེར་མེད་ངང་ཉིད་ལས༔
ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར༔
པདྨ་ཟླ་བའི་གདན་ལ་བཞུགས༔
སྐྱོན་གྱིས་མ་གོས་གཏི་མུག་སེལ༔
ཡབ་ཡུམ་གཉིས་མེད་ཟག་མེད་སྐུ༔
སྐུ་མདོག་དཀར་གསལ་རྣམ་དག་དབྱིངས༔
རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས༔
ཤེས་རབ་བྱང་ཆུབ་སེམས་དང་ལྡན༔
རྟོག་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས༔
མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད༔
ཨོཾ་ནི་དཔལ་ཆེན་ཡབ་ཡིན་ཏེ༔
བཛྲ་ཤེས་རབ་ཡུམ་ཡིན་ནོ༔
ཀཱི་ནི་ཡེ་ཤེས་ཁྲོ་བོ་ལ༔
ལི་ནི་དབྱིངས་ཀྱི་ཁྲོ་མོ་ཡུམ༔
ཀཱི་ནི་ཐབས་ཀྱི་མཆེ་བ་ཅན༔
ལ་ནི་ཤེས་རབ་གཤོག་པ་ཅན༔
ཡ་ནི་སྲས་མཆོག་ཕུར་པ་སྟེ༔
ཧཱུྃ་ནི་ཕྱག་བརྙན་སྒོ་མ་བཞི༔
སརྦ་ཐམས་ཅད་འདུས་པ་སྟེ༔
བིག་ནི་དགྲ་དང་བགེགས་ཡིན་ཏེ༔
ནན་ནི་དགྲ་དང་བགེགས་མནན་ནོ༔
བཾ་ནི་དབང་དུ་སྡུད་པ་སྟེ༔
ཧཱུྃ་ནི་རླག་པར་བྱེད་པའོ༔
ཕཊ྄༔ཀྱིས་སྒྲོལ་བའི་ཕྲིན་ལས་མཛད༔
ཅེས་སོ༔
ས་ཡ་ཐ་མ་བྱེ་བ་འབྲིང་༔
སྨིན་པར་འདོད་ལ་གྲངས་ངེས་མེད༔
འདི་ལ་ཡི་དམ་བྱེད་པ་རྣམས༔
བར་ཆད་བདུད་ཀྱིས་མི་ཚུགས་ཤིང་༔
ཕྲིན་ལས་ཀུན་ལ་མངའ་བརྙེས་འགྱུར༔
རྗེས་ལ་ཚོགས་ལས་རིམ་པ་ནི༔
རྗེས་ལ་ཚོགས་ཀྱི་མཆོད་པ་སོགས༔
ལས་གཞུང་བཞིན་དུ་བྱ་བ་ནི༔
ཧཱུཾཿ དཔལ་ཆེན་ཐུགས་ལས་རཾ་ཡཾ་ཁཾ༔
འཕྲོས་པས་ཚོགས་ཀྱི་དངོས་འཛིན་སྦྱངས༔
སྣང་སྲིད་བདེ་ཆེན་ཀ་པཱ་ལར༔
བཅུད་རྣམས་རིགས་ལྔའི་དམ་རྫས་གྱུར༔
ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ
སྤྱན་འདྲེན་ནི༔
ཧཱུཾཿ འོག་མིན་ཆོས་དབྱིངས་ཕོ་བྲང་དང་༔
ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས༔
རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ནས༔
དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དང་༔
གནས་དང་ཉེ་གནས་རྣམ་པ་གཉིས༔
ཡུལ་ནི་རོལ་པ་ཉེ་ཡུལ་རོལ༔
ཞིང་དང་ཉེ་བའི་ཞིང་དང་ནི༔
འདུ་དང་ཉེ་བའི་འདུ་བ་དང་༔
ཚན་དྷོ་ཉེ་བའི་ཚན་དྷོ་སྟེ༔
ཧེ་རུ་ཀ་ཡི་གནས་བཅུ་དང་༔
དུར་ཁྲོད་ཆེན་པོ་བསིལ་བའི་ཚལ༔
ཨོ་ཌི་ཡ་ནར་པདྨ་བརྩེགས༔
ཟ་ཧོར་ཡུལ་ན་ཁུ་བྱུག་ཀློང་༔
སིང་ཧའི་ཡུལ་ན་སྐུ་ལ་རྫོགས༔
ཁ་ཆེའི་ཡུལ་ན་ཧེ་ཆེན་རོལ༔
བལ་བོའི་ཡུལ་ན་ཡ་མ་ཁ༔
ཐོ་གར་ཡུལ་ན་གསང་ཆེན་རོལ༔
ལི་ཡུལ་འཇིག་རྟེན་མངོན་རྫོགས་ཏེ༔
དུར་ཁྲོད་ཆེན་པོ་བརྒྱད་རྣམས་ན༔
བཞུགས་པའི་དཔའ་བོ་མཁའ་འགྲོ་དང་༔
ཤུགས་འགྲོ་རྣལ་འབྱོར་ཞིང་སྐྱོང་རྣམས༔
ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔
ཚོགས་ཁང་འདི་ནི་སྤྲུལ་པའི་ཞིང་༔
ཚོགས་རྫས་འདོད་ཡོན་རོལ་བའི་རྒྱན༔
ཐབས་དང་ཤེས་རབ་ལྕམ་དྲལ་ལྡན༔
རྡོ་རྗེའི་གླུ་གར་བྱིན་རེ་ཆགས༔
ཅང་ཏེའུ་དྲིལ་བུ་སྙན་ཅིང་འཁྲོལ༔
འདི་ནི་དམ་ཚིག་མཆོག་གི་གནས༔
ཤགས་དང་རྩོད་པ་ཀུ་ཅོ་མེད༔
རིག་པ་བརྟུལ་ཞུགས་ཉམས་དང་ལྡན༔
དམ་ཚིག་འདི་ནི་དང་དུ་བཞེས༔
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔
གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨཱ་པཱ་ལ་ས་མ་ཡ་ཛཿ
ཕུད་དང་པོ་ནིཿ
ཧཱུཾཿ སངས་རྒྱས་དམ་ཚིག་བླ་ན་མེད༔
ཤ་ལྔ་བདུད་རྩི་རྣམ་པ་ལྔ༔
བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས༔
འདོད་ཡོན་ལྷ་མོ་རྣམ་པ་ལྔ༔
དབང་པོའི་ལོངས་སྤྱོད་ནང་གི་ཚོགས༔
བདེ་སྟོང་ཡེ་ཤེས་བླ་ན་མེད༔
དགའ་བཞི་རྣམ་རོལ་གསང་བའི་ཚོགས༔
དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔
བཞེས་ནས་དབང་དང་དངོས་གྲུབ་སྩོལ༔
ག་ན་ཙཀྲ་པཱུ་ཙ་ཧོཿ
བར་པ་བཤགས་པ་ནི༔
ཧཱུཾཿ གང་ཞིག་འཁྲུལ་པར་གྱུར་པ་དེ་ནས་བཟུང་༔
རྣམ་སྨིན་ལུས་ལ་བརྟེན་པ་དེ་སྲིད་དུ༔
མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ༔
ལྕི་བ་བཅུ་དྲུག་ལོག་པ་བརྒྱད་ལ་སོགས༔
ཐེག་པ་གསུམ་དང་རིག་པ་འཛིན་པ་ཡི༔
སྡོམ་གསུམ་དམ་ཚིག་ཉམས་པ་མཐའ་དག་ཀུན༔
ག་ན་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔
འཆབ་པ་མེད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔
དག་ཚངས་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ༔
ཧེ་རུ་ཀའི་ཡིག་བརྒྱ་བཟླའོཿ
ཐ་མར་བསྒྲལ་མཆོད་ནིཿ
ཨེ་ལས་ཐར་མེད་སྲིད་པའི་བྲུབ་ཁུང་ནང་༔
མ་རིག་འཁྲུལ་པས་བཅིངས་པ་བདག་ལྟའི་དགྲ༔
ཡེ་ཤེས་དབྱིངས་ལ་སྒྲིབ་པའི་གཟུང་འཛིན་བགེགས༔
དག་ཆེན་ཡེ་ཤེས་རིག་པའི་ལྕགས་ཀྱུས་ཟུང་༔
མཉམ་པར་མ་བཞག་མེད་པའི་ཞགས་པས་ཆིངས༔
ལྷག་མཐོང་ལུ་གུ་རྒྱུད་ཀྱི་དྲྭ་བས་སྡོམས༔
རྗེས་ཐོབ་འཁྲུལ་པ་མེད་པའི་དྲིལ་བུས་མྱོས༔
ཕུང་པོ་ལྔ་ཡི་ཉེ་བར་ལེན་པ་ཀུན༔
བདག་མེད་རྟོགས་པའི་མཚོན་གྱིས་རྣམ་པར་གཏུབས༔
སྐྱེ་མེད་ཁྲོས་པའི་ལྷ་ཚོགས་ཞལ་དུ་བསྟབ༔
མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བྷ་སུ་ཏ་ཀེཾ་ནི་རྟི་ཏ་ན་ཙཀྲ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ
རྒྱས་པར་སྤྲོ་ན་སྐབས་འདིར་སྐོངས་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐོང་ངོ་༔
དེ་ནས་ལྷག་མ་ནི༔
ཞིང་ལྤགས་ཀྱི་སྟེང་དུ་བཞག་ལ༔
ཧེ་རུ་ཀའི་དམ་རྒྱས་ཁ་ཕྲུ་དབབ༔
ཨ་ཀཱ་རོས་བརླབས་ཅིང་༔
སྤྱུགས་གླུ་དང་བཅས༔
ཀྱཻཿ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔
དཔལ་ཆེན་དཀྱིལ་འཁོར་ཚོགས་ཀྱི་བདག༔
བར་དུ་བཤགས་པ་མི་བགྱི་རྒྱུ༔
རྣལ་འབྱོར་ལྡན་ལ་དམ་ཚིག་གཉན༔
ཐ་མ་བསྒྲལ་སྟབས་མི་བགྱི་རྒྱུ༔
རྟོགས་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར༔
ད་ལྟ་ལྷག་མས་མི་མཆོད་རྒྱུ༔
མ་ཚོགས་དབང་ཕྱུག་གིང་ལངྐ༔
ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས༔
ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན༔
ལྷག་མ་ཁ་ཆུས་མི་བྲན་རྒྱུ༔
དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར༔
འབངས་ཐོག་རྗེ་ཡིས་མི་མནན་རྒྱུ༔
ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར༔
རྗེ་ལ་འབངས་ཀྱིས་མི་རྒོལ་རྒྱུ༔
དྲག་ཤུལ་ལས་ཐབས་མྱུར་བའི་ཕྱིར༔
ཧཱུཾཿ རྣམ་དག་རང་བཞིན་ཞི་བ་ལས༔
བཅོམ་ལྡན་དཔལ་ཆེན་སྤྲུལ་པ་ནི༔
ཐབས་ཤེས་ཟླ་གསང་རོལ་པ་ལས༔
དཀྱིལ་འཁོར་མུ་རན་སྐྱོང་བ་སྟེ༔
ཁྱེད་ཅག་སྔོན་གྱི་ཡལ་གམ་ཅན༔
ལག་ན་གློ་སྙིང་ནང་ཁྲོལ་ཐོགས༔
ལེགས་ཉེས་སྟངས་འཛིན་ཚོགས་ཁང་ཉུལ༔
མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད༔
སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔
དུག་གསུམ་རུ་ཏྲ་བསྒྲལ་བའི་ཚེ༔
ཁས་བླངས་དམ་བཅས་དྲན་གྱིས་ལ༔
སྲིན་མོའི་ཟ་ལམ་ཆེན་པོ་རུ༔
ཕམ་ཕབས་ལོང་ལ་བསྟན་པ་བསྲུངས༔
བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔
ཐུགས་དམ་བསྐུལ་པ་ནི༔
ཧཱུཾཿ མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས༔
ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་ལྷ༔
ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས༔
རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་༔
མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟན༔
སྒོ་ལྔའི་ཡུལ་དང་རྟེན་ཅིང་འབྲེལ་པ་ལས༔
རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས༔
ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུ༔
ཕྱི་རོལ་ཡུལ་ལ་སྨིན་པའི་སྡུག་བསྔལ་དང་༔
ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོན༔
འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན༔
མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནས༔
ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས༔
རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས༔
རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད༔
ཆད་ཐོ་བསྒྲག་པ་ནི༔
ཧཱུཾཿ དུས་གསུམ་རྣམ་དག་ཀུན་ཏུ་བཟང་པོའི་དུས༔
མངོན་རྫོགས་ཡེ་ཤེས་དམ་པའི་འོག་མིན་དུ༔
ཀུན་གཞི་ཡིད་ཆོས་དག་པའི་སྟོན་པ་ཡིས༔
རང་སྣང་རང་བཞིན་མེད་པའི་འཁོར་ཚོགས་ལ༔
རྒྱལ་བ་དགོངས་བརྒྱུད་རྫོགས་པའི་ཡོ་ག་གསུམ༔
བརྡ་ཚིག་བརྗོད་པ་བྲལ་བར་བསྟན་པའི་ཚེ༔
གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་དང་༔
དགའ་རབ་དཔའ་བོ་གསང་འཛིན་རྡོ་རྗེ་ཆོས༔
བརྡའ་བརྒྱུད་རིག་འཛིན་གྲུབ་པ་མཆོག་རྣམས་ཀྱིས༔
སྟོན་འཁོར་དགོངས་པ་གཅིག་པའི་དབང་ཐོབ་བཞིན༔
ཚོགས་བརྒྱད་རང་གྲོལ་གཏོར་མ་འདི་བཞེས་ལ༔
འཁྲུལ་པ་གཞི་ལ་དག་པའི་ཕྲིན་ལས་མཛོད༔
དེ་རྗེས་གསང་སྔགས་བསྟན་པ་བྱུང་བའི་ཚེ༔
འོག་མིན་དགའ་ལྡན་རི་རབ་ལྷུན་པོའི་རྩེ༔
ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་དང་༔
ཤམ་བྷ་ལ་དང་ཨོ་རྒྱན་ཟ་ཧོར་ཡུལ༔
སིངྒ་ལ་དང་གནམ་ལྕགས་འབར་བའི་རྩེ༔
མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་རུ༔
རིག་འཛིན་སྡེ་སྣོད་མཐའ་དག་བབས་པའི་ཚེ༔
འཇིག་རྟེན་འཇིག་རྟེན་འདས་པའི་མཁའ་འགྲོ་དང་༔
དཀྱིལ་འཁོར་མུ་རན་སྐྱོང་བ་ཐམས་ཅད་ཀྱིས༔
གཏོར་མ་ལེན་ཅིང་ལེགས་ཉེས་སྟངས་འཛིན་པའི༔
ཁས་བླངས་དམ་བཅའ་བཞིན་དུ་ཕྲིན་ལས་མཛོད༔
དེ་རྗེས་འགྲོ་དོན་དུས་ལ་བབས་པའི་ཚེ༔
ཀླུ་སྒྲུབ་སྙིང་པོ་པདྨ་ཐོད་ཕྲེང་སོགས༔
གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་རྣམས་ཀྱིས༔
འཛམ་བུའི་གླིང་དུ་དར་ཞིང་རྒྱས་མཛད་ཅིང་༔
ཁྱད་པར་བྲག་དམར་དཔལ་གྱི་མཆིམས་ཕུ་རུ༔
རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔
ལྷ་སྲས་རྒྱལ་པོ་ཚངས་པའི་མེ་ཏོག་ལ༔
སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེ་ཞིང་༔
སེངྒེ་རྣམ་རོལ་ཁས་པུ་རི་ཡི་རྩེར༔
གནོད་སྦྱིན་ཐམས་ཅད་དམ་ལ་བཞག་པའི་ཚེ༔
སྲོག་སྙིང་ཕུལ་ཏེ་ཆད་ཐོ་བཟུང་བ་ལྟར༔
མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔
དེ་རྗེས་ཚོགས་བདུན་རོལ་པ་བལ་པོའི་ཡུལ༔
རང་སྣང་མཆོད་རྟེན་བྱ་རུང་ཁ་ཤོར་དུ༔
རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ལ༔
དབྱིངས་ཀྱི་མཁའ་འགྲོས་ནམ་མཁའ་མཛོད་ཀྱི་བརྡ༔
ཡེ་ཤེས་ལྔ་ལྡན་སྤྲུལ་པའི་ཤོག་སེར་ལས༔
བྲག་དམར་བྲེ་གུ་བརྩེགས་པའི་དགེའུ་རུ༔
ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱིས༔
བཀའ་རྒྱ་ལུང་རྫོགས་གཏད་རྒྱ་བཀྲོལ་བའི་ཚེ༔
སྤྱན་གཅིག་ཁྲག་ཏུ་ཁོལ་བའི་མ་མོ་དང་༔
བྱ་རོག་གཙུག་ཕུད་འཛིན་པའི་དྲང་སྲོང་གིས༔
ཁས་བླངས་ཐ་ཚིག་བཞིན་དུ་ཕྲིན་ལས་མཛོད༔
བཤལ་ཆུ་གཏོར་མར་བྲན་ལ་བསྟན་མ་སྐྱོང་བ་ནི༔
བྷྱོཿ ཚོགས་དང་བཀའ་ཡི་བདག་ཉིད་ནི༔
ཁྲག་ཐུང་རྡོ་རྗེ་ནམ་མཁའི་ཡུམ༔
གངས་རི་ཅན་གྱི་ཡུལ་ལྷ་ནི༔
བདུད་དང་གནོད་སྦྱིན་སྨན་མོ་བཞི༔
ཚུར་སྤྱོན་ཚུར་སྦྱོན་གཏོར་མ་ལོངས༔
རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་༔
དུས་སྦྱོར་བཅུ་གཉིས་གནས་དག་པས༔
བལ་བོད་མཚམས་ན་ཚེ་རིང་མ༔
ལ་སྟོད་རྡོ་རྗེ་གཡའ་མ་སྐྱོང་༔
གནོད་སྦྱིན་གངས་ལ་ཀུན་བཟང་མོ༔
འབྲོག་ཆེན་འཁོར་འདུལ་བགེགས་ཀྱི་གཙོ༔
ཇོ་མོ་གངས་རར་སྤྱན་གཅིག་མ༔
བྱང་ན་མཁའ་ལྡིང་ཀླུ་མོ་རྒྱལ༔
ཁ་རག་རྡོ་རྗེ་ཁྱུང་བཙུན་མ༔
རྨ་ཆེན་སྤོམ་རར་དྲག་མོ་རྒྱལ༔
ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་༔
འབྲོག་བཙན་རྡོ་རྗེ་སྨན་གཅིག་མ༔
ཇོ་མོ་ནགས་རྒྱལ་གཡར་མོ་བསིལ༔
དབུས་ན་རྡོ་རྗེ་ཟུ་ལེ་སྨན༔
ཀུན་ཀྱང་པདྨའི་བཀའ་ཉན་ཏེ༔
དམ་ལ་གནས་ཤིང་རིགས་ལ་འགོ༔
ཐ་ཚིག་བཞིན་དུ་གཏོར་མ་ལོངས༔
མཐའ་ཡི་དམག་དང་རྒྱ་འདྲེའི་འཚུབས༔
མུ་སྟེགས་འགྱུ་བའི་སྒོ་འཕྲང་དང་༔
འགོང་པོ་སྤུན་དགུའི་ནད་དལ་སྲུངས༔
རྟག་ཆད་ཐར་པར་འཁྲུལ་པ་ཡི༔
འཇིགས་ཚོགས་ལྟ་བ་དབུ་མར་བཟློག༔
བདེན་དོན་རྣམ་པ་བཅུ་གཉིས་ཀྱི༔
བསྟན་པ་དར་བའི་ཕྲིན་ལས་མཛོད༔
ཨོཾ་ལ་ལཿ ལེ་ལེཿ ཏཾ་ཏཾཿ ཏེ་ཏེ་ཁ་རག་མཿ མ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུཾཿ
གཏོར་གཞོང་རི་རབ་ཏུ་བསམ་པ་ཁ་སྦུབ་ལ༔
ཧཱུཾཿ དམ་སྲི་བྱ་བའི་སྡིག་ཅན་ཁྱོད༔
འགྲོ་བ་ཡོངས་ཀྱི་རྒྱུད་ལ་རྒོལ༔
བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་བྲོས༔
མནན་ནོ་སྟོང་ཆེན་འོག་ཏུ་མནན༔
གཏང་དོ་ཆུ་སྲིན་གྲེ་བར་གཏད༔
བསྐྱུར་རོ་གཤིན་རྗེའི་ཁ་རུ་བསྒྱུར༔
བསྲེག་གོ་ཡེ་ཤེས་མེ་ཡིས་སྲེག༔
བདག་ཏུ་བལྟ་བ་མ་ཞིག་བར༔
བསྐལ་པ་ཞིག་ཀྱང་མི་གཏང་ངོ༔
ཨོཾ་ཨཱཿཧཱུྃ་སཏྭཾ་བྷ་ཡ་ལཾ་ནནཿ
དེ་ནས་དངོས་གྲུབ་བླང་བ་ནི༔
སྔར་བཞིན་མཆོད་ཅིང་བསྟོད་ལ༔
ཧཱུཾཿ བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི༔
དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ༔
རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནས༔
རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས༔
ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔
ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས༔
རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ༔
གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞི༔
འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས༔
ཀུན་གཞིའི་ཁམས་ལ་བག་ལ་ཉལ་གྱི་ཚུལ༔
ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི༔
དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔
རྩ་སྔགས་མཐར༔
དྷཱརྨ་ཀཱ་ཡཿ སཾ་བྷོ་ག་ཀཱ་ཡཿ ནིརྨཱ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུཾཿ
ཞེས་སྒྲུབ་རྫས་གནས་གསུམ་དུ་གཏུག་ཅིང་མྱང་ངོ་༔
སླར་ཡང་གཏང་རག་གི་མཆོད་བསྟོད་ཕུལ་ལ༔
བཤགས་པ་བྱ་བ་ནི༔
ཧོཿ སྔགས་ཀྱི་དངོས་གྲུབ་མ་ལུས་པ༔
དམ་ཚིག་ཉིད་ལ་བརྟེན་གྱུར་ཀྱང་༔
རྨོངས་དང་མ་རིག་ཉོན་མོངས་པས༔
ཟིལ་གྱིས་ནོན་པ་བདག་ཅག་ནི༔
ཉེས་པ་དུ་མའི་སྣོད་ལགས་ཏེ༔
མགོན་པོ་ཐུགས་རྗེ་ཆེ་རྣམས་ཀྱི༔
ཐུགས་ལ་ཁྲོ་བ་མི་མངའ་ཡང་༔
ལེགས་ཉེས་སྟངས་འཛིན་བདག་པོ་རྣམས༔
སྐྱོན་མཐོང་ཙམ་ན་ཆད་པ་གཅོད༔
འགལ་ཞིང་ནོངས་པ་ཅི་མཆིས་པ༔
མཐོལ་ལོ་བཤགས་སོ་ཚངས་པར་སྩོལ༔
ཡིག་གེ་བརྒྱ་པ་ལན་གསུམ་གྱི་སྙིང་ནས་བཤགས་པར་བྱའོ༔
ཉེར་བསྡུ་ནི༔
ཧཱུཾཿ སྣོད་བཅུད་ལྷ་དང་གཞལ་ཡས་སུ༔
ཤར་བ་དག་པའི་སྣོད་བཅུད་ཀྱང་༔
རྟེན་ཉིད་བརྟེན་པ་ལྷ་རྣམས་ཀྱང་༔
གཙོ་བོ་ལ་ཐིམ་དེ་ཡང་ཧཱུཾཿ
ཞབས་ཀྱུ་ནས་བཟུང་ནཱ་དའི་བར༔
རིམ་ཡལ་གདོད་མའི་གཤི་སུ་ཨཱཿ
ཞེས་མཉམ་པར་བཞག༔
སྤྱོད་ལམ་གྱི་རྣལ་འབྱོར་དུ་ལྡང་བ་ནི༔
སླར་ཡང་རིག་པ་བྱང་ཆུབ་སེམས༔
རྗེས་ཐོབ་གཉུག་མའི་ཧེ་རུ་ཀ༔
ཕྱག་རྒྱ་གཅིག་པའི་གནས་གསུམ་དུ༔
ཡི་གེས་མཚན་པས་རྣམ་རྟོག་སྲུངས༔
བཛྲ་རཀྵ་ཧཱུཾཿ
ཞེས་རྡོ་རྗེའི་གོ་བསྒོ་ཞིང་༔
ཡི་གེ་བརྒྱ་པས་བརྟན་པར་བྱའོ༔
དེ་ནས་བསྔོ་སྨོན་ནི༔
ཧཱུཾཿ སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་༔
བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགས༔
མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ༔
ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག༔
ལན་གསུམ༔
བཀྲ་ཤིས་ནི༔
ཧཱུཾཿ གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ༔
སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་ཞིང་ཁམས་ལ༔
བསྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡིས༔
སྒྲོན་མའི་བསྐལ་པ་བཟང་པོའི་བཀྲ་ཤིས་ཤོག༔
སྟོང་གསུམ་མི་མཇེད་རྡོ་རྗེ་ཐེག་པའི་ཞིང་༔
འཕུར་འགྲོའི་བསྟན་པ་འབྱུང་གནས་ཨོ་རྒྱན་ཡུལ༔
གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེའི༔
ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔
འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདན༔
པཎ་གྲུབ་ཆོས་རྒྱལ་འཛོམ་པ་ཆོས་འཁོར་གསུམ༔
མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངས༔
རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔
རྒྱུད་སྡེ་རྒྱ་མཚོའི་དོན་གྱི་དབྱིངས༔
དགོངས་བརྡ་སྙན་རྒྱུད་ཤོག་སེར་ལ༔
གཅུས་དཀྲུགས་གབ་པའི་གནད་གསལ་བ༔
པདྨའི་རིང་ལུགས་དམ་པའོ༔
ས་མ་ཡ༔ རྒྱ་རྒྱ་རྒྱ༔
