རྫོགས་ཆེན་བརྒྱུད་འདེབས།
༄༅། །རྫོགས་ཆེན་བརྒྱུད་འདེབས།
ཀ་དག་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་། །
ལྷུན་གྲུབ་ལོངས་སྐུའི་ཁྱབ་བདག་རྡོ་རྗེ་འཆང་། །
ཐུགས་རྗེས་སྤྲུལ་སྐུའི་མངའ་བདག་རྡོ་རྗེ་སེམས། །
རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས། །
འབུམ་ཕྲག་དྲུག་ཅུའི་སྟོན་པ་དགའ་རབ་ཞབས། །
མཁྱེན་རབ་དངོས་སྣང་འཇམ་དཔལ་བཤེས་གཉེན་དང་། །
ཟག་པ་རང་ཟད་ཛྙཱ་ན་སཱུ་ཏྲ་དང་། །
དགོངས་པ་མངོན་གྱུར་ཤྲཱི་སེང་ཧ་དང་། །
དཀྱིལ་འཁོར་གཙོ་བོ་རྡོ་རྗེ་ཐོད་ཕྲེང་རྩལ། །
འཕོ་ཆེན་སྐུ་བརྙེས་བཱི་མ་ལ་མི་ཏྲ། །
རིག་འཛིན་བརྡ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །
ཆོས་ཀྱི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག །
ཏིང་འཛིན་མཆོག་བརྙེས་ཏིང་འཛིན་བཟང་པོའི་ཞབས། །
གྲོལ་བའི་གདེངས་ཐོབ་ལྡང་མ་ལྷུན་རྒྱལ་དང་། །
འབྱུང་བ་རང་དྭངས་སེང་གེ་དབང་ཕྱུག་དང་། །
ཕྱག་རྡོར་དངོས་སྣང་རྒྱལ་བ་ཞང་སྟོན་དང་། །
རྒྱལ་བའི་རྣམ་འཕྲུལ་མཁས་པ་ཉི་མ་འབུམ། །
རྫོགས་ཆེན་དོན་གཟིགས་གུ་རུ་ཇོ་འབེར་དང་། །
འཁྲུལ་ཞིག་ཆེན་པོ་སེང་གེ་རྒྱབ་པ་དང་། །
རིག་འཛིན་གདུང་འཚོབ་གྲུབ་ཆེན་མེ་ལོང་ཞབས། །
བསྟན་པའི་མངའ་བདག་ཀུ་མ་རཱ་ཛ་དང་། །
མཁས་གྲུབ་ཆེན་པོ་ཀློང་ཆེན་རབ་འབྱམས་ཞབས། །
མཁའ་འགྲོའི་དབང་ཕྱུག་རིག་འཛིན་འཇིགས་མེད་གླིང་། །
སྙིང་རྗེའི་དབང་ཕྱུག་རྒྱལ་བའི་མྱུ་གུ་དང་། །
ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་། །
གདོད་མའི་མགོན་པོ་བསྟན་པའི་ཉི་མ་དང་། །
བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་སྟེ། །
གང་ཟག་སྙན་ཁུང་བརྒྱུད་པ་ལ་གསོལ་བ་འདེབས། །
གསོལ་བ་འདེབས་སོ་རིག་འཛིན་བླ་མའི་ཚོགས། །
ངང་ཉིད་ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །
གློ་བུར་ཀུན་རྟོག་འཁྲུལ་པས་བསྒྲིབ་པ་བདག །
མཐའ་མེད་བཟོད་དཀའ་འཁོར་བའི་རང་བཞིན་ལས། །
ད་ལྟ་ཉིད་དུ་དྲངས་པར་མཛད་དུ་གསོལ། །
ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་གྱི། །
གཞི་གྲོལ་ལྷུན་མཉམ་ཡངས་པ་ཆེན་པོའི་ཀློང་། །
འཁོར་འདས་ཀུན་རྟོག་སྤྲོས་པའི་དྲྭ་བ་ཀུན། །
ཡེ་ནས་སྐྱེས་མེད་རྟོགས་པར་བྱིན་གྱིས་རློབས། །
རང་བཞིན་བབས་ཡིན་བཅོས་པས་མི་རིག་ཅིང་། །
ཅོག་བཞག་ཆེན་པོ་ལྷུན་གྲུབ་དགོངས་པའི་ཀློང་། །
མི་གཡོ་སུམ་ལྡན་རང་བཞིན་ངང་གནས་པའི། །
འབད་མེད་སྒོམ་པ་གོམས་པར་བྱིན་གྱིས་རློབས། །
གདོད་མའི་གནས་ལུགས་བསམ་བཞག་བྲལ་བ་ཡི། །
ཆོས་ཉིད་ཡེ་གྲོལ་མཉམ་པ་ཆེན་པོའི་ཀློང་། །
རང་གྲོལ་ཤར་གྲོལ་ཅེར་གྲོལ་ཆེན་པོ་ཡིས། །
རང་གྲོལ་སྤྱོད་པ་སྐྱོང་བར་བྱིན་གྱིས་རློབས། །
སེམས་ཀྱི་རང་བཞིན་སངས་རྒྱས་རང་ཡིན་པས། །
ཐོབ་བྱའི་འབྲས་བུ་ཞེན་པ་བྲལ་བའི་ཀློང་། །
རེ་དོགས་ཡོངས་ཟད་གདོད་མའི་རྒྱལ་ཁ་རུ། །
མཐར་ཐུག་གྲུབ་མཐའ་རྟོགས་པར་བྱིན་གྱིས་རློབས། །
ཞེས་པ་འདི་བསྐུལ་ངོར་མ་ལྡོག་ཙམ་དུ་འཕྲལ་དུ་བྲིས་ནས་ཕུལ་ཀྱང་སོ་སྐྱེའི་ཚིག་ལ་བདེན་པའི་བྱིན་ནུས་བྲལ་བ་ཞུ་མི་དགོས་པ་ཞིག་བཅས་ལགས་ལ། ཀུན་མཁྱེན་ཆེན་པོའི་བླ་མ་ཡང་ཏིག་གི་གསོལ་འདེབས་དང་། རིག་འཛིན་འཇིགས་གླིང་གི་གསུང་རྣམས་རྒྱུན་དུ་བཏོན་ན་ངལ་བ་དོན་ཡོད་པ་ཡིན་པས་དགོངས་ཆུབ་ཞུ་ཞུ། མཁན་རིན་པོ་ཆེའི་ཕྱག་བྲིས་ལས་བཤུས།
