བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ཞལ་གདམས་ལེགས་བཤད་གསར་པའི་དགའ་སྟོན།

English | བོད་ཡིག

༄༅། །ཞལ་གདམས་ལེགས་བཤད་གསར་པའི་དགའ་སྟོན།

ཕ་བཀའ་དྲིན་མཚུངས་མེད་ཆོས་ཀྱི་རྗེ། །མགོན་བསྟན་པའི་ཉི་མར་ཕྱག་བྱས་ནས། །ཕ་ཡུལ་དུ་འགྲོ་བའི་ཁ་ཆེམས་ཡིན། །བུ་གཞི་ལ་སྡོད་པའི་ཕ་ཕོག་ཡིན། །དོན་སེམས་ལ་བཅངས་ན་གདམས་ངག་ཡིན། །བུ་ཨ་ཐིས་བ་ཐིས་ལ་བཤད་པ། །དེང་སང་སྙིགས་མའི་དུས་འདི་ན་སེམས་ཅན་མི་སྲུན་པའི་རང་བཞིན་ལས། ཡང་དག་པའི་ལམ་དང་མཐུན་པ་རྙེད་དཀའ་བས་མཛའ་བཤེས་དང་འབྲེལ་འདྲིས་སུ་ལ་ཡང་སྙིང་གཏམ་མ་འཆད། ཁ་མང་བྱ་བྱེད་མང་པོས་རང་གཞན་ཕུང་ལ་སྦྱོར་བས། དུས་རྟག་ཏུ་བཟང་ངན་འབྲིང་གསུམ་གང་གི་སྐྱོན་དང་ཡོན་ཏན་མཐོང་ཡང་བསྟོད་སྨད་ཚིག་གཅིག་ཙམ་གཞན་ལ་མ་ཤོར། རང་གི་སེམས་ལ་དྲན་པའི་གཏམ་དེ་ཁ་ཞེ་གཉིས་མེད་ཀྱི་དྲང་སྐད་བཤད་པ་མེད་པས་བཟང་ངན་གཉིས་ཀར་མི་འགྲོ་བའི་གཏམ་ལུང་མ་བསྟན་ལས་རང་གི་ཞེ་ཕུགས་ནས་དྲན་པའི་གཏམ་དེ་ནམ་ཡང་མ་བཤད། ཁམས་པ་ནང་བརྫུའི་ཤ་ཚའི་གྲོས་འདེབས་འདྲ་མོས་བསླུ་བས་དེ་ལ་ཡིད་མ་གཏོད། རྟག་འཛིན་ཚེ་འདིའི་ཞེན་པ་ཆོས་ཀྱི་བར་ཆད་དུ་ཆེ་བས་ཚོང་དང་བུན་སྐྱེད་ཁྱིམ་པའི་ཚོ་འཛིན་ལ་མ་རེམ། ལུས་ངག་གི་བྱ་བ་བག་མེད་པ་འདི་ཉེས་པ་ཐམས་ཅད་ཀྱི་སྣོད་དང་འབྱུང་གནས་ཡིན་པས། ལུས་ངག་སྤྱོད་པ་ཞི་དུལ་དང་ལྡན་པ་ཞིག་དགོས། སྙིགས་མའི་བྱིས་པའི་གྲོགས་ཀྱིས་བསླུ་བས་བླ་མ་མཚན་ཉིད་དང་ལྡན་པ་དང་དགེ་བའི་གྲོགས་པོ་ཁྱད་པར་ཅན་དང་འགྲོགས། ཡོན་ཏན་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས། ཕམ་ལྷག་བཅུ་བདུན་པོ་སྲོག་བསྡོས་ལ་བཏགས་ནས་ཅི་ནས་མ་གོས་པ་ཞིག་དགོས། མངོན་པར་རྟོགས་པའི་ཆོས་ཀྱི་རྟེན་ལགས་པས་ཏིང་ངེ་འཛིན་བཟང་པོ་རེ་དགོས། ཉོན་མོངས་པའི་དགྲ་ཐམས་ཅད་འཇོམས་པ་ལ་མེད་ཐབས་མེད་པའི་ཐོས་བསམ་ཡང་དག་པ་ཞིག་དགོས། དེ་ཐམས་ཅད་ཀྱི་རྟེན་འབྱུང་དུ་བླ་མ་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་དགོས། དེ་མཉེས་པ་གསུམ་གྱི་ཐུགས་ཟིན་པ་ཞིག་དགོས། དེས་གདམས་པའི་ཆོས་ལ་སྐོམ་པས་ཆུ་བཏུང་བ་ལྟ་བུ་ཞིག་དགོས། བཏུང་བ་ཙམ་གྱིས་མི་ཆོག་པར་ཡོན་ཏན་གྱིས་རྒྱུད་གང་བ་ཞིག་དགོས། མདོར་ན་གཉེན་པོ་རང་ཚུགས་ཐུབ་པ་རིག་རིག་ལོང་བ་ལྟ་བུ། ཐོས་ཐོས་ལ་འོན་པ་ལྟ་བུ། གཞན་ལ་བསྟོད་སྨད་གཉིས་ཀ་མི་བྱེད་པ། ཉོན་མོངས་ཐམས་ཅད་ལ་སྲན་གཟུགས་ནུས་པ། ཚེ་འདིར་བློ་མི་གཏོད་པ་རང་མཐོང་དང་ང་རྒྱལ་མེད་པ་བློ་ཆོས་ལ་བཀོལ་བ་འབད་འབུངས་ཆོས་ལ་འདོན་པ་ཞིག་དགོས། དེ་མ་ཡིན་པར་གོ་ཐོས་མཐོང་རྒྱ་ཆེ་བ། ང་རྒྱལ་དང་ཕོ་ཟོབ་མཐོ་བ། རང་གི་རྒྱུད་ཀྱི་སྐྱོན་ལ་མི་རྟོག་ཅིང་མི་མཐོང་ལ། གཞན་སྐྱོན་ཁོ་ན་ལ་རྟོག་པ། བྱ་བྱེད་དང་ཟེར་བརྗོད་མང་བ། ཆོས་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཚེ་འདི་གཙོ་བོར་སེམས་ཤིང་སྐྱོ་ཤས་དང་ངེས་འབྱུང་མེད་པའི་སྐྱ་སེར་གཉིས་གོ་ཆོད་པའི་བན་མ་ཧོར་ཞིག་ཏུ་སོང་ནས། ཕྱི་མ་རླུང་ལ་བསྐུར་བའི་སྟོན་པ་ཐུགས་རྗེ་ཅན་གྱིས་བསྟན་པའི་བླ་བཙོང་དུ་འགྲོ་ལ་དེ་གཉིས་གང་བྱེད་ད་ལྟ་ཁྱོད་རང་གི་ལག་ན་གདམས་ཀ་ཡོད་པས། དུས་ནམ་ཡང་སེམས་ལ་མཛུབ་མོ་ཚུགས་ལ་རང་གི་རྒྱུད་ལ་རྟོག་དཔྱོད་ནམ་ཡང་རྒྱག་དགོས་པ་འདི་གདམས་པའི་མཐར་ཐུག་པ་ཡིན་པས་ནམ་ཡང་དྲན་དགོས་དྲན་དགོས། ནང་ནས་ཉོན་མོངས་དགྲ་རུ་མི་མཐོང་ན། ཕྱི་ནས་བླ་མའི་གདམས་ངག་སྡུག་པ་གདའ་གསུངས་པ་འདི། ནང་མ་རེ་རེ་བཞིན་མ་བརྗེད། ཧ་ཧ། ལོ་ལྔའི་བར་གྱིས་མདོ་སྔགས་ཀྱི་གཞུང་ལུགས་དེ་ཙམ་གདམས་པར་ཤར་ནས་རྒྱུད་ཆོས་དང་མཐུན་པ་ངའི་བླ་བཙོང་དུ་མི་འགྲོ་བ་ཞིག་ངེས་པར་དགོས་པ་ལགས་སོ།། །།

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept