བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

ལེགས་པར་བཤད་པའི་ཞུ་མཆིད།

English | བོད་ཡིག

༄༅། །ལེགས་པར་བཤད་པའི་ཞུ་མཆིད།

ན་མོ་གུ་རུ། །
སེམས་ཉིད་རང་བཞིན་གདོད་ནས་རྣམ་དག་པའི། །
ཆོས་དབྱིངས་བྱང་ཆུབ་སེམས་ལ་ཕྱག་འཚལ་ནས། །
བསོད་ནམས་བྱེ་བས་བསྐྲུན་པའི་དལ་འབྱོར་ལ། །
ཡོན་ཏན་རིན་ཆེན་མཆོག་གིས་བརྒྱན་པ་ཡི། །
དགེ་བའི་བཤེས་གཉེན་དམ་པ་གང་གི་དྲུང་། །
ལེགས་པར་བཤད་པའི་ཞུ་མཆིད་གསན་པར་རིགས། །
དལ་འབྱོར་མི་ལུས་ཤིན་ཏུ་རྙེད་དཀའ་བ། །
རེ་ཞིག་དགེ་བའི་སྟོབས་ཀྱིས་ཐོབ་དུས་འདིར། །
སྙིང་པོ་དམ་པའི་ལྷ་ཆོས་ལེན་པར་རིགས། །
ཡར་འགྲོ་མར་འགྲོའི་ས་མཚམས་འདི་ཉིད་ལ། །
བློ་ཁ་ནང་དུ་ཕྱོགས་ལ་སྙིང་པོ་ལོངས། །
གཡར་པོའི་ནོར་ལ་དགོས་སྤྱད་ལེན་པ་བཞིན། །
ལུས་འདི་ཆོས་ཀྱི་དགོས་སྤྱད་ཅི་ཡང་བླང་། །
ཡུན་རིང་མི་འདུག་མི་རྟག་འཆི་བས་འཚེ། །
ནམ་འཆི་ཆ་མེད་འདིར་རྩི་ངེས་པ་མེད། །
གང་གིས་མི་ཕན་གཉེན་བཤེས་ནོར་མི་བསྡོངས། །
འཆི་བའི་དུས་ན་དམ་ཆོས་ཉག་གཅིག་ནི། །
སྐྱབས་དང་སྐྱོབ་པ་མགོན་དང་དཔུང་གཉེན་དང་། །
སྣང་བ་དང་ནི་གླིང་དང་སྒྲོན་མེ་མཆོག །
རྣམ་གསུམ་སྒྲོན་མེའི་སྣང་བ་དང་དུ་བཞེས། །
རྒྱུ་འབྲས་བསླུ་མེད་གནས་ལ་ཡིད་ཆེས་ཤིང་། །
དྲན་ཤེས་བག་ཡོད་གསུམ་གྱི་སྐྱ་བར་ནས། །
ཚུལ་ཁྲིམས་རྣམ་དག་སྲོག་དང་བསྡོས་ལ་སྲུངས། །
སྟོན་པ་ཐམས་ཅད་མཁྱེན་པའི་གསུང་གི་མཛོད། །
རྟེན་ཅིང་འབྲེལ་འབྱུང་རང་བཞིན་མེད་པའི་གནས། །
ལས་འབྲས་གནས་ལ་སྤང་བླང་ཅི་ཐོན་མཛོད། །
འཁོར་བའི་གནས་འདི་སྡུག་བསྔལ་འཛིན་ཁྲིའི་གཞི། །
བདེ་བའི་གོ་སྐབས་ཅུང་ཟད་རྙེད་པར་དཀའ། །
ཡང་ཤི་ཡང་སྐྱེའི་འཁོར་ལོ་རྒྱུན་མི་ཆད། །
སྡུག་བསྔལ་གསུམ་གྱིས་རྟག་ཏུ་གདུང་བ་འདིར། །
ཉིན་མཚན་རྒྱུན་དུ་འཁོར་བའི་ཉེས་དམིགས་བསམ། །
ངེས་པར་འབྱུང་བ་ཐར་པར་བགྲོད་པའི་ལམ། །
འདི་ཉིད་ཡོད་ན་སངས་རྒྱས་ཆོས་དང་ཉེ། །
མེད་ན་ཚེ་འདིའི་རྙེད་བཀུར་ས་རུ་ཆས། །
ངེས་འབྱུང་བློ་འདི་བཅོས་མ་མ་ཡིན་པར། །
རྒྱུད་ལ་སྐྱེ་སྐྱེའི་བར་དུ་བསྒོམ་པར་རིགས། །
མཚན་ཉིད་ཀུན་ལྡན་བླ་མ་རིན་པོ་ཆེ། །
ཡོན་ཏན་ཀུན་གྱི་འབྱུང་གནས་དགེ་བའི་བཤེས། །
མ་ནོར་ལམ་གྱི་དང་པོར་བརྟེན་ནས་སུ། །
སྐྱེས་བུ་གསུམ་གྱི་ལམ་འདི་བླང་དོར་གྱིས། །
དམིགས་རྣམ་ཕྱེ་བའི་ཐོས་པ་རྒྱ་མཚོ་བསགས། །
ཉམས་ལེན་གང་ལ་ཁོག་ཁྲོལ་ཤེས་པ་དགོས། །
ཐོས་པ་ཕྱོགས་རེའི་གར་ཡང་ཕྱིན་པ་མེད། །
ཉམས་ལེན་གནས་ལ་ཐེ་ཚོམ་ཆོད་པ་དགོས། །
བསླུ་མེད་སྐྱབས་གནས་བླ་མ་དཀོན་མཆོག་གསུམ། །
ཡིད་ཆེས་དད་པས་ཉིན་མཚན་སྐྱབས་འགྲོ་བྱ། །
དམན་པའི་དཔུང་གཉེན་གཞན་ལ་བཅོལ་བ་བཞིན། །
དཀོན་མཆོག་བྱིན་རླབས་ཞུགས་པས་རང་གི་སེམས། །
དགེ་བའི་ལམ་ལ་བར་ཆད་མེད་པར་འགྲོ། །
ཆོས་ཀྱི་རྩ་བ་རྣམ་དག་བྱང་ཆུབ་སེམས། །
སྨོན་འཇུག་གཉིས་ཀྱིས་བསྡུས་པའི་སེམས་བསྐྱེད་ལ། །
རྒྱུ་དང་ངོ་བོ་བསླབ་པའི་རིམ་པ་ལ། །
བློ་འདི་ཡང་ཡང་སྦྱངས་པས་ནམ་ཞིག་ན། །
འབད་པ་མེད་པར་ངང་གིས་འབྱུང་བ་ཞིག །
མ་བྱུང་བར་དུ་འབད་པས་ཅི་ཐོན་གྱིས། །
འདི་འདྲའི་བྱང་ཆུབ་སེམས་ལ་བློ་སྦྱོང་ནས། །
ཉམས་ལེན་གཞན་གྱི་སྤྲོས་པ་མེད་ཀྱང་མེད། །
བློ་སྦྱོང་ཟེར་བ་སེམས་ཀྱི་འགྲོ་ལྡོག་ཡིན། །
སེམས་འདི་ཡན་པར་མ་བཏང་ནང་དུ་ཁུགས། །
དགེ་བའི་ལམ་ལ་བློ་འདི་ཅི་འགྲོ་མཛོད། །
བསྐྱེད་རྫོགས་ལམ་འདི་ཤིན་ཏུ་ཟབ་མོའི་གནས། །
དབང་པོ་རྣོན་པོའི་རྣོན་པའི་ཆོས་ཡིན་པས། །
རང་བཞིན་གྱི་ནས་ཡིན་རློམ་ཙམ་དུ་ཟད། །
གཞན་དུ་ཅུང་ཟད་བརྗོད་ན་གསན་པར་རིགས། །
ཐ་མལ་སྣང་ཞེན་སྦྱོང་བ་གབ་པའི་གནས། །
བདག་ཏུ་ཞེན་དང་དངོས་པོར་ཞེན་པ་ཡིན། །
གཉེན་པོ་རྣམ་པ་གསལ་དང་རྣམ་དག་དྲན། །
རང་བཞིན་གཤིས་ཀྱི་ང་རྒྱལ་བརྟན་པ་ལ། །
སྲོག་སྡོམ་གཟེར་བཞིའི་གནད་དུ་ཆུད་པ་ན། །
རྒྱལ་བ་དགྱེས་པའི་ལམ་དུ་འགྲོ་བ་ལགས། །
དེ་མིན་ཆོ་གའི་ཡན་ལག་མ་ཚང་ཞིང་། །
བརྒྱུད་པའི་མན་ངག་དང་བྲལ་ལྷ་སྣང་ཙམ། །
བསྐྱེད་རིམ་རློམ་པ་བླུན་པོའི་སྤྱི་བརྟོལ་ཡིན། །
རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེའི་གནད། །
སྦྱང་གཞི་སྦྱང་བྱ་འབྲས་བུ་བསྒྲུབ་པའི་གཞིར། །
མངོན་པར་མ་འཁྲུལ་གཏན་ལ་ལེགས་ཕབ་ནས། །
སྦྱོར་བ་བཞི་ལྡན་རླུང་གི་བྱེད་ལས་ཀྱིས། །
ཞུགས་གནས་ཐིམ་པའི་ཉམས་མྱོང་རིམ་བཞིན་འཆར། །
སླར་ཡང་བདེ་ཆེན་དགའ་བཞིའི་ཡེ་ཤེས་ལ། །
འདོད་དགུར་རོལ་ལ་བརྩེ་དགའ་ཅིར་ཡང་འཆར། །
གཞན་དུ་རླུང་བཞག་མིག་བཙུམ་གཅེར་བུར་ཕྱུང་། །
གནད་མེད་སྟོང་པ་སྡུག་རྒུར་བྱེད་པ་འདི། །
ཆ་མེད་ལམ་ལ་རྒྱུས་མེད་ཞུགས་པ་བཞིན། །
རང་མགོ་རང་སྐོར་བཅོས་མའི་ལམ་དུ་ཟད། །
ཧ་ཧ་དེ་དག་སྤྲོས་པའི་ལམ་ཡིན་ལགས།
སྤྲོས་མེད་འོད་གསལ་རྫོགས་པ་ཆེན་པོའི་ལམ། །
སེམས་དང་སེམས་བྱུང་སྤྲོས་པ་ཀུན་བྲལ་བའི། །
གཉུག་མའི་ཡེ་ཤེས་རང་གསལ་རྗེན་པའི་ལམ། །
བཏང་བཞག་འགྲོ་འོང་བྲལ་བའི་རིག་པ་ལ། །
གཏད་འཛིན་ཐད་ཀའི་མདུང་ཚུགས་མ་ཡིན་པར། །
ཆོས་ཉིད་ལྷུན་གྲུབ་མཉམ་པའི་ངང་གནས་ཞིང་། །
ངང་དྭངས་ལྷུན་མཉམ་ཡངས་པ་ཆེན་པོའི་གཞིར། །
ལྟ་སྒོམ་སྤྱོད་པའི་རྫོགས་ཆེན་འཆའ་བ་གཅེས། །
ལྟ་བའི་ཀློང་ན་ཐམས་ཅད་ཆོས་སྐུའི་ངང་། །
སྒོམ་པའི་ཀློང་ན་གང་ཡང་མཉམ་པ་ཉིད། །
སྤྱོད་པའི་ཀློང་ན་རང་གྲོལ་བདེ་བ་ཆེ། །
འབྲས་བུའི་ཀློང་ན་རེ་དོགས་གང་ཡང་མེད། །
ཐམས་ཅད་ཀུན་ཀྱང་ཆོས་ཉིད་གཟིགས་མོ་ཆེར། །
ནང་དུ་བལྟས་པས་རིག་སྟོང་རྗེན་པའི་གཤིས། །
སྤྲོས་པ་ཀུན་གྲོལ་ཐིག་ལེ་ཉག་གཅིག་རྫོགས། །
ཕྱི་རུ་བལྟས་པས་མེད་སྣང་སྒྱུ་མའི་ངང་། །
བདེན་མེད་འལ་འོལ་སྣང་བ་བན་མ་བུན། །
བར་དུ་བལྟས་པས་སེམས་དང་སེམས་བྱུང་ཀུན། །
འགྱུ་བ་དངོས་མེད་ཤག་མ་ཤིག་ཏུ་གྲོལ། །
སྣང་ན་སྣང་བ་ཐམས་ཅད་སྟོང་པའི་གཤིས། །
སྟོང་ན་རིག་སྟོང་རྗེན་པའི་ཀློང་ཡིན་པས། །
མཉམ་རྫོགས་ཆེན་པོའི་རིག་པའི་ཡེ་ཤེས་ལ། །
དགེ་སྡིག་ཕན་གནོད་སྤྲོས་པའི་ཕྱོགས་ཀྱིས་དབེན། །
ཉམས་ལེན་འདི་དག་རྒྱུད་ལ་འབྱོར་བར་མཛོད། །
དེ་མིན་སེམས་རྟོག་གནད་བཅིར་དྲན་པས་བཅིངས། །
སྤྲོས་བཅས་སེམས་ལ་རིག་པ་ཡིན་པར་བརྟགས། །
དྲན་འཛིན་སྔ་ཕྱི་སྒོམ་པ་ཡིན་པར་གོ །
ཉིང་འཁྲུལ་རྟོག་པ་སྤྱོད་པའི་མིང་བརྟགས་ནས། །
གནད་མེད་རི་ལ་མི་ཚེ་ཉི་མ་ཕུལ། །
ལམ་རྟགས་ཡོན་ཏན་གང་ཡང་མི་འབྱུང་བའི། །
ཆོས་གཟུགས་ཕལ་བའི་རྗེས་སུ་མ་སྙོགས་ཤིག །
དོན་མེད་རྙེད་བཀུར་གཡེང་བའི་མགོ་སྐོར་འདིས། །
སྙིགས་མའི་སྐྱེ་བོ་མང་པོ་གཡེང་ལ་ཁྱེར། །
ཁྱེད་ཀྱང་འདོད་ཡོན་སྤྲོས་པའི་དགའ་གདུང་ལས། །
སེམས་འདི་མ་གཡེངས་འདོད་ཡོན་ཉེས་དམིགས་བསམ། །
རྒྱལ་བ་གོང་མ་དགྱེས་པའི་ལམ་སྲོལ་ཆེ། །
ཚེ་གང་སྤོང་བའི་དགེ་སྦྱོང་ཆོས་ལྡན་ཞིང་། །
ཐར་བའི་ལམ་ལ་བར་ཆད་མེད་པ་ཡིས། །
རྟེན་འབྱུང་དགེ་བའི་བཀྲ་ཤིས་རྒྱས་གྱུར་ཅིག །

བླ་མ་དམ་པའི་བཀའ་མང་དུ་ཐོས་པ་མཁན་མིང་པས་ཕུལ་ཞུ།། །།

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept