ཀློང་ཆེན་པའི་གསོལ་འདེབས།
༄༅། །ཀློང་ཆེན་པའི་གསོལ་འདེབས།
ཤར་ཕྱོགས་བྷེ་ལ་ཀ་ཡི་ཞིང་ཁམས་ན། །
ཡེ་ཤེས་ལུས་ཅན་པཎ་ཆེན་བི་མ་ལ། །
བསམ་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་བ། །
ཀློང་ཆེན་རབ་འབྱམས་ཞབས་ལ་གསོལ་བ་འདེབས། །
ཏིང་འཛིན་ཡེ་ཤེས་གཟུངས་སྤྲིན་སྙིང་པོ་ཅན། །
ཤེས་རབ་སྤོབས་པ་བློ་གྲོས་མི་ཟད་གཏེར། །
གསང་ཆེན་འོད་གསལ་བསྟན་པའི་མངའ་དག་ཆེ། །
དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །
གསང་ཆེན་རིག་འཛིན་འདུས་པའི་ཚོགས་ཀྱི་རྗེ། །
རྩ་གསུམ་དཔའ་བོ་མཁའ་འགྲོའི་ཁྱབ་བདག་དཔལ། །
འཁོར་འདས་ཆོས་ཀུན་ཡེ་ཤེས་ཆེན་པོར་གཟིགས། །
སྣ་ཚོགས་རང་གྲོལ་ཞབས་ལ་གསོལ་བ་འདེབས། །
གསོལ་བ་འདེབས་སོ་གོངས་པའི་རྩལ་ཆེན་དབྱུང་། །
རྡོ་རྗེ་ཐེགས་པའི་རིམ་པ་ཉི་ཟླའི་དཀྱིལ། །
ཡིན་རློམས་སྙིགས་མའི་ཉམས་ཀྱིས་སྒྲིབ་པའི་དུས། །
འདི་ལ་ཁྱོད་ཀྱི་ཐུགས་རྗེའི་ཕྱག་རྐྱོང་ལ། །
ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གདངས། །
ཡོད་མིན་མེད་མིན་བསམ་འདས་བློ་བྲལ་གཤིས། །
མ་ནོར་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །
མ་བཅོས་གནས་ལུགས་ཡངས་པའི་བཞུགས་ཚུལ་དང་། །
རྩལ་གདངས་རོལ་པ་ཆུ་ཟླའི་གར་དུ་རྟོགས། །
ཆོས་རྣམས་སྣང་མཉམ་སྟོང་མཉམ་མཉམ་པའི་དོན། །
རྫོགས་ཆེན་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །
རང་བཞག་ཅོག་བཞག་ཆེན་པོའི་དགོངས་པ་ལ། །
སེམས་འཛིན་གཏད་སོའི་མདུང་ཚུགས་མ་ཡིན་པར། །
རིག་སྟོང་རྗེན་པ་ཟང་ཐལ་རང་བབ་གྱི། །
མ་བཅོས་བསྒོམ་པ་གོམས་པར་བྱིན་གྱིས་རློབས། །
ཡེ་གྲོལ་བསམ་ངོ་བྲལ་བའི་ཡེ་ཤེས་ཀློང་། །
རྟོགས་ཚོགས་རང་གྲོལ་ཤར་གྲོལ་ཆེན་པོར་གྲོལ། །
ཅེར་གྱིས་བལྟས་པས་གྲོལ་བའི་ཆོས་ཉིད་མཐོང་། །
མཉམ་པ་ཆེན་པོའི་སྤྱོད་པ་ཀློང་རྡོལ་བའི། །
བླང་དོར་རེ་དོགས་ཟད་པར་བྱིན་གྱི་རློབས། །
ངང་ཉིད་ཡེ་ནས་སངས་རྒྱས་ཡིན་པ་ལ། །
སྒྲིབ་པའི་གློ་བུར་དྲི་མ་དབྱིངས་སུ་ཡལ། །
སེམས་ཉིད་གཉུག་མ་ཆེན་པོའི་རྒྱལ་ཁབ་ལ། །
འཛིན་རྟོག་བྲལ་བས་འཁོར་བའི་ཆོས་བོར་ཞིང་། །
ཡེ་སངས་རྒྱས་པས་སངས་རྒྱས་རང་ཡིན་པའི། །
རེ་དོགས་ཐོབ་འདོད་ཞེན་པ་དབྱིངས་སུ་ཡལ། །
གདོད་མའི་གྲུབ་མཐའ་སྙོགས་པར་བྱིན་གྱིས་རློབས། །
ཀྱེ་མ་ཀྱེ་ཧུ་ཀློང་ཆེན་རབ་འབྱམས་པ། །
བྱིན་གྱིས་རློབས་ཤིག་རྡོ་རྗེ་གཟི་བརྗིད་རྩལ། །
མོས་པའི་བུ་ཡིས་གདུང་བའི་ང་རོས་འབོད། །
འདི་ལ་ཁྱེད་ཀྱི་སྙན་གྱིས་མ་གསན་ནམ། །
ཁྱེད་ནི་རྒྱལ་བ་སངས་རྒྱས་ཉིད་དུ་དྲན། །
སྙིགས་མ་བས་ཀྱང་ཡང་སྙིགས་དེང་སོང་དུ། །
གསོལ་བ་འདེབས་སོ་གོངས་བརྒྱུད་བུ་ལ་སྩོལ། །
ཆོས་བརྒྱད་རྟོག་ངན་འཁྲུལ་བ་ཞི་བ་དང་། །
ཁྱེད་ཀྱི་རྗེས་སུ་སྙོགས་པར་བྱིན་གྱི་རློབས། །
དགེའོ། །
