བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

འཚེ་བ་ཆོས་སུ་འཛིན་པའི་ལམ་སྲོལ་འགོག་བྱེད་ཐུབ་པའི་དགོངས་རྒྱན།

English | བོད་ཡིག

༄༅། །འཚེ་བ་ཆོས་སུ་འཛིན་པའི་ལམ་སྲོལ་འགོག་བྱེད་ཐུབ་པའི་དགོངས་རྒྱན་བཞུགས་སོ། །

གང་གི་རྨད་བྱུང་རྟེན་འབྲེལ་ལམ། །བློ་གྲོས་མཁྱེན་པའི་དཀྱིལ་འཁོར་ཅན། །མཚན་དཔེའི་དགེ་ལེགས་ཉི་མ་བརྒྱ། །དེ་རང་བདག་ལ་སྣང་བར་མཛོད། །སངས་རྒྱས་བསྟན་ལས་ཕྱི་རོལ་པ། །ཀླ་ཀློ་སྟོན་པའི་རྗེས་འབྲང་ན། །ཡང་དག་ལམ་མཆོག་འདི་ལ་མེད། །སྤང་ཕྱིར་བརྩེ་བས་ཅུང་ཕུལ་ན། །དེ་ལ་སྲོག་གཅོད་སྤང་བླང་གི་ལེགས་ཉེས་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུང་བརྗོད་མང་ཡང་། ཚིག་ཚོགས་ཉུང་ལ་སྡེབས་སྦྱོར་ལམ་གྱིས་མ་བཅིངས། མཆོག་ཕལ་ཀུན་གྱིས་གོ་སླ། ཆོད་ཆེ་གདམས་ངག་ཚུལ་དུ་ཅུང་བརྗོད་ན། སྤྱིར་མི་དགེ་བཅུ་བོ་དེ་དག་ལས་ཀྱང་སྲོག་གཅོད་དང་ལོག་ལྟ་གཉིས་པོ་འདི་སྡིག་ཆེ་སྟེ། སྲོག་གཅོད་གོང་ན་སྡིག་གཞན་མེད། །མི་དགེ་བཅུ་ལས་ལོག་ལྟ་ལྕི། །ཟེར་བ་དེ་ཡིན། དེ་ཡང་དམྱལ་བ་པ་མ་གཏོགས་སུ་ཡང་འཆི་བ་ལ་མི་འཚེར་བ་མེད་ཅིང་རང་གི་སྲོག་འདི་ལས་གཅེས་པ་ཅུང་ཟད་ཀྱང་མེད་པའི་སྲོག་དེ་གཅོད་པའི་སྡིག་པ་ལྷག་པར་ཆེ་ཞིང་། སེམས་ཅན་གཅིག་གི་སྲོག་བཅད་སྲོག་ལན་ལྔ་བརྒྱ་འཇལ་དགོས་པ་དང་གཞན་ཡང་སེམས་ཅན་གཅིག་གི་སྲོག་གཅོད་ཀྱང་བར་གྱི་བསྐལ་པ་ཞིག་ཏུ་དམྱལ་བར་གནས་དགོས་པ་མདོ་དྲན་པ་ཉེར་བཞག་ནས་གསུངས། དེ་ལས་ཀྱང་དཀོན་མཆོག་གི་རྟེན་བཞེངས་པ་དང་དགེ་བ་སོགས་ལ་སྙད་བཏགས་ནས་སྲོག་གཅོད་སོགས་སྡིག་པའི་ལས་བྱེད་པ་ནི་ལྷག་པར་ཡང་ལྕི་སྟེ། ཕ་དམ་པའི་ཞལ་ནས། དཀོན་མཆོག་གི་རྟེན་སྡིག་ལྟུང་གིས་བཞེངས། ཚེ་ཕྱི་མ་རླུང་ལ་བསྐུར་ཞེས་གསུངས། དེ་བཞིན་དུ་དགེ་བ་བྱེད་པར་རློམ་ནས་བླ་མ་རྣམས་ཁྱིམ་དུ་གདན་འདྲེན་པ་དང་།དགེ་འདུན་པ་ཚོགས་པ་སོགས་ལ་སེམས་ཅན་བསད་པའི་ཤ་ཁྲག་འདྲེན་པ་ནི་ཡོན་མཆོད་ཐམས་ཅད་ལ་སྲོག་གཅོད་ཀྱི་ཉེས་པ་འགོ་ཞིང་སྦྱིན་བདག་གིས་འཚོ་བ་དྲང་བ་ཡང་སྦྱིན་བདག་ལ་མ་དག་པའི་སྦྱིན་པ་དང་།མཆོད་ཡུལ་ལ་ལོག་པའི་འཚོ་བར་འགྱུར་སྟེ། དགེ་བ་ལས་ཀྱང་སྡིག་པ་ཆེ་བ་ཡིན། བསད་པ་འཕྲལ་དུ་གསོ་ནུས་པའི་སྐབས་མ་གཏོགས་སྲོག་གཅོད་ཀྱི་སྡིག་གིས་མི་གོས་པའི་དུས་མེད་པའི་བླ་མ་རྣམས་ཀྱང་སྐུ་ཚེ་མཛད་ཕྲིན་ལ་གནོད་པར་ངེས་པས་རྣམ་ཤེས་བདེ་ཆེན་དུ་འདྲེན་ནུས་ན་མ་གཏོགས་སྲོག་གཅོད་ཀྱི་ལས་འདི་ལ་ཅི་ནུས་སུ་འཛེམ་དགོས་སོ། །ལར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན་ན་ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་སྤང་དགོས་རྒྱུ་ཡིན་པ་ལ་གང་དུ་འགྲོ་ཡང་། དེར་སེམས་ཅན་རེའི་སྲོག་ལ་འཚེ་བ་བྱས་ནས་བསད་པའི་ཤ་ཁྲག་ལ་ལོངས་སྤྱད་ན་སྐྱབས་འགྲོ་དང་ཅིའི་ཕྱིར་མི་འགལ། ཁྱད་པར་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་ལུགས་ལ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་སྐྱོབ་པ་བྱེད་དགོས་རྒྱུ་ལ་གང་སྐྱབས་པར་བྱ་རྒྱུའི་སེམས་ཅན་ལས་ངན་པ་དེ་ལ་སྙིང་རྗེ་སྤུ་ཙམ་ཡང་མེད་པར་སྐྱབས་བྱ་སེམས་ཅན་དེ་བསད་ནས་ཤ་ཁྲག་གཡོས་སུ་བྱས། སྐྱོབ་པ་པོ་བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་བཞག་ན་དགྱེས་བཞིན་དུ་སྐན་སྒྲ་ཐེག་གིས་གསོལ་འགྲོ་ན་དེ་ལས་ཐུ་བ་དང་སྡུག་པ་ཅི་ཡོད། གསང་སྔགས་ཐེག་པའི་གཞུང་རྣམས་ལས། ཤ་ཁྲག་མཆོད་པ་གཞུང་བཞིན་མ་ཚོགས་ཏེ། །སེང་ཧ་ཕྲ་མེན་ཐུགས་དང་ཇི་འགལ་བ། །ཡུལ་གྱི་མཁའ་འགྲོ་སྐུ་ལ་བཟོད་པར་གསོལ། །ཞེས་གསུངས་ཏེ༑ དེ་ནི་གསང་སྔགས་རྒྱུད་སྡེའི་གཞུང་ནས་བཤད་པ་ཤ་ལྔ་བདུད་རྩི་རྣམ་པ་ལྔ། བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས། །ཞེས་བྱ་སྟེ། ཁ་ཟས་ཀྱི་ཆེད་དུ་གསོད་པར་མི་འགྱུར་བའི་སྡིག་མེད་ཀྱི་ཤ་ལྔ་པོ་ཚོགས་རྫས་སུ་རུང་བ་ཡིན་ལ༑ དེ་ལ་མི་གཙང་བ་དམན་པར་འཛིན། བསད་ཤ་གཙང་མར་འཛིན་ན༑ གཙང་རྨེ་བལྟས་དང་བག་མེད་སྤྱད། །གསུངས་པས་དང་བླངས་ཀྱི་དམ་ཚིག་དང་འགལ་ན། ཆོས་དང་མི་མཐུན་བཞིན་དུ་ཡོན་བདག་གིས་ཀྱང་སེམས་ཅན་བསད། བླ་མ་ཡང་དགའ་བཞིན་བཞེས། དཀྱིལ་འཁོར་དུ་ཡང་མཆོད་ནས་རྔམ་རྔམ་རྫིག་རྫིག་བྱེད་པ་དེ་ནི། ཕྱི་བོན་གཉིས་ཀྱི་ཆོས་ལུགས་འབའ་ཞིག་མ་གཏོགས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཕྱོགས་ཙམ་དྲི་ཙམ་མི་བྲོ་བ་མ་ཟད། སྐྱབས་འགྲོའི་བསླབ་བྱ་ནས་བཟུང་།ཕྱི་སོ་ཐར། ནང་བྱང་སེམས། གསང་སྔགས་མན་གྱི། སྡོམ་དང་བསླབ་པ།དམ་ཚིག་ཐམས་ཅད་འཆོལ་ཉོག་ཏུ་འགྲོ་ཞེས་ལུང་དང་བསྟན་བཅོས་ཀུན་ནས་ཞིབ་ཏུ་གསུངས་ན་སྤང་བླང་དགོས་པ་གཞིར་བཅས། ཁྱད་པར་སྲོག་གཅོད་གཅིག་གི་འབྲས་བུ་ལ་རྣམ་སྨིན་རྒྱུ་མཐུན་བདག་འབྲས་སོགས་སྡུག་བསྔལ་བཟོད་པར་དཀའ་བ་ཡོད་ཚུལ་གྱི་ལོ་རྒྱུས། ཡར་འབྲོག་གཡུ་མཚོ་ཞེས་མཚོ་མགོ་དེ་རྭ་ལུང་གངས་ཆེན་མཚོ་གཞུང་ཟེ་མ་རྒུ་རུ་ལ་ཟུག་ནས་ཉིན་ལམ་མང་པོའི་བར་དུ་ཡོད་པ་ལ། གྲུབ་ཆེན་གླིང་རྗེ་རས་པས་མཚོ་ནང་དེར་གཟིགས་ནས་བཤུམས། ཨ་ཁ་ཁ། དཀོར་མ་ཟ། དཀོར་མ་ཟ་ཞེས་གསུངས། དེ་ཅི་ལགས་ཞུས་པས། མཚོ་ནང་འདིར་བླ་མ་དཀོར་ཟན་ཞིག་གི་རྣམ་ཤེས་ཉི་ཚེ་བའི་དམྱལ་བར་སྐྱེས་ནས་སྡུག་བསྔལ་མང་པོ་མྱོང་གིན་འདུག་གསུངས། དེ་སྟོན་པར་ཞུས་པས་རྫུ་འཕྲུལ་གྱིས་མཚོ་དེ་སྐད་ཅིག་ལ་བསྐམས་ཙ་ན། ཉ་ཆེན་པོ་ཞིག་གི་ལུས་ཀྱིས་མཚོ་དེའི་གར་སླེབས་པ་ལ་སྲོག་ཆགས་གྲངས་མེད་པས་གོ་མཚམས་མེད་པར་གཏམས་ཏེ་ཟོས་པའི་སྡུག་བསྔལ་མི་བཟོད་པས་འགྲེ་ལྡོག་བྱེད་ཀྱིན་འདུག འདི་ལྟ་བུ་ལས་ངན་པ་སུ་ཞིག་གི་སྐྱེ་བ་ཡིན་ལགས་ཞུས་པས། འདི་གཙང་བླ་རྟ་ནག་ཅན་གྱི་སྐྱེ་བ་ཡིན་གསུངས། གཙང་བླ་རྟ་ནག་ཅན་བྱ་བ་དེ། ངག་ནུས་དང་བྱིན་རླབས་ཤིན་ཏུ་ཆེ་ཞིང་། འདྲེ་གདོན་གྱིས་ཉེན་པ་རྣམས་ལ་ལྟ་སྟངས་བྱས་པ་ཙམ་གྱིས་ཕན་པ་སོགས་བྱུང་བས་དབུས་གཙང་རུ་བཞིའི་མཆོད་གནས་སུ་གྱུར་ཏེ་གཤིན་པོའི་འབུལ་བ་བྱས་པ་སོགས་ལ་ཕཊ་ཤར་རེ་བསྒྲགས་ནས་རྟ་ཟོག་མང་པོ་བླངས་འགྲོ་བ་ཞིག་ཡོད་པ་དེ་ཡིན། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་རྡོ་ཕ་ཝཾ་ཆེན་པོ་ཞིག་གི་སྟེང་རྩ་རླུང་འཁྲུལ་འཁོར་མཛད་པ་རྡོ་ཕྱེད་ཚལ་དུ་གས་པའི་ནང་ན་སྦལ་བ་ཆེན་པོ་ཞིག་གི་ལུས་ལ་སྲོག་ཆགས་ཆུང་ངུ་གྲངས་མེད་པ་འབྱར་ནས་ཟོས་པས་སྡུག་བསྔལ་མི་བཟོད་པར་ཁ་ནག་དེང་དེང་བར་འདུག འདི་ཅི་ལགས་ཞུས་པས། འདི་དམར་ཆོག་བྱེད་པའི་བླ་མ་གཅིག་གི་སྐྱེ་བ་ཡིན་གསུངས། ད་ལྟ་བླ་མ་རྣམ་པ་ཡང་། ཡོན་བདག་གི་བཤས་ལུགས་ཚོ་བ་དང་རྒྱག་པ་རེ་བྱས་ནས་མིད་པ་དང་། མཚེར་པ་སོགས་ཤ་ཁྲག་གིས་ཚང་འབྲོང་གི་རྩིབས་ཤ་འདར་ཅུམ་མེ་བའི་སྟེང་དུ་བཞག་ནས་དྲངས་ཙ་ན། མནབ་གཟན་དེ་དབུ་ལ་འཐེན། ནང་ཆ་རྣམས་བྱིས་པས་ནུ་མ་ནུ་ནུ་མཛད། ཕྱག་ཤན་དེ་ཁ་ཞིག་བླངས་ནས་ཕྱི་ཤ་རྣམས་དལ་བུས་གསོལ། བཞེས་པ་ཟིན་ཟ་ན་ཞལ་སྣུམ་ཆི་ལེ་དབུ་རླངས་པ་ཕལ་ལེ་སྔར་གྱི་དེ་མ་ཡིན་པ་རྒྱ་མར་ཙིག་གེ་བ་ཞིག་བྱས་ནས་དབུ་བཏེགས་འོང་བ་འདུག་སྟེ། ཚེ་འདིར་གསོལ་གསོལ་བའི་བུ་ལོན་ཕྱི་མ་སྐུ་ལུས་སྟེང་ནས་འཇལ་དགོས་བྱུང་ཙ་ན་ཉི་ཚེ་བའི་དམྱལ་གནས་སུ་འོ་བརྒྱལ་ཆེན་པོ་ཡོད་པར་འདུག་པས་དམར་ཆོག་ལ་བག་ཡོད་བླང་དོར་ནན་ཏན་བྱ་དགོས། ཡ་རབས་དམ་པའི་སྲོལ་ལུགས་མཆོག །བྱམས་བརྩེ་འཛུམ་པའི་འོད་དཀར་ཅན། །མི་ཕྱེད་གཙུག་ཏུ་སུས་བསྐུར་ན༑ ༑འབྲས་བུ་ཡེ་ཤེས་ཐོབ་ཕྱིར་རོ། །རྨོངས་རྣམས་ངན་སྲོལ་བཟང་དུ་འཛིན། །འགའ་ལ་བདུད་ཀྱི་བྱིན་རླབས་ཞུགས། །དེ་ལ་ཡོན་ཏན་ཆེ་ཞེས་བརྗོད། །ཆ་ལུགས་ནང་པའི་རྟགས་སུ་ཆ། །འགའ་ཞིག་འཚོ་བ་ཆད་དོགས་ནས། །ལེགས་ཉེས་ཤེས་ཀྱང་མི་འཛེམ་པར། །དམར་ཆོག་བཟང་ལ་ཅི་བ་རྣམས། །དམྱལ་བ་གཙུག་ཏུ་སྒྲུབ་ཅེས་བརྗོད། །ཞེས་པ་འདིའང་འཇང་བླ་ཚུལ་ཁྲིམས་བཟང་པོས་དམར་ཆོག་འགོགས་པའི་ཡི་གེ་བྱས་པ་འདི་ཆོས་བཞིན་མཐུན་ན། དེ་ལ་རྒྱབ་ཡིག་བགྱི་རོགས་ཆོས་མིན་གྱུར་ན་མེར་བསྲེགས་ཆུར་བསྐྱུར་བྱ་རིགས་ཞུས་བཞིན་ལྕགས་འབྲུག་ནག་པ་ཟླ་བའི་ཚེས་ལ། ཆོས་སྨྲ་བའི་ཚུལ་ཁྲིམས་རྒྱ་མཚོས་ཀཿཐོག་རྡོ་རྗེ་གདན་གྱི་གཙུག་ལག་ནས་བྲིས་པས་དགེ་བར་གྱུར་ཅིག །

མཁན་ཆེན་ངག་དབང་དཔལ་བཟང་།

མཁན་ཆེན་ངག་དབང་དཔལ་བཟང་།

གནས་ཚུལ་འཕར་མ།

BDRC Author Profiles: P724 P270

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept