Chen Teye—Tibetan
༄༅། །འཇར་པན་གྱི་སྒོམ་ཆེན་མ་བཙུན་མ་ཆན་ཏེ་ཡེ།
ཆན་ཏེ་ཡེ་ནི་འཛམ་གླིང་ན་ཆེས་དཀོན་པའི་མཛེས་མ་ཞིག་ཡིན། མོའི་ཁྱིམ་གཞི་ཡང་སྟོབས་འབྱོར་འབྱོར་ཅན་སོགས་ཀུན་གྱིས་ཁྱིམ་ཐབ་ཀྱི་ཆུང་མ་ལ་ཐོབ་རྩོད་བྱས་ཀྱང་། མོ་ནི་ཆུང་དུས་ནས་བཟུང་ལྷན་སྐྱེས་ཀྱི་ཚུལ་གྱིས་ཚེ་འདི་སྣང་གི་སྟོབས་འབྱོར་སོགས་ལ་ཞེན་པ་ཆུང་བ་ཞིག་ཡིན་པར་མ་ཟད། ཆུང་དུས་ནས་དགེ་བའི་བཤེས་གཉེན་མང་པོས་སངས་རྒྱས་ཀྱི་དམ་པའི་ཆོས་གསུངས་པས་ངེས་འབྱུང་བཅོས་མིན་སྐྱེས། མོ་ལ་རབ་ཏུ་བྱུང་འདོད་དྲག་པོ་སྐྱེས་ནས་བླ་མ་མང་པོའི་མདུན་དུ་སོང་ཡང་། མོའི་སྐྱེ་གཟུགས་ཆེས་མཛེས་པས་ཀུན་གྱིས་སློབ་མ་ལེན་མ་ཕོད། རྒྱུ་མཚན་ནི་བུད་མེད་སྐྱེ་གཟུགས་མཛེས་མ་རབ་ཏུ་བྱུང་ན་བར་ཆད་ཆེ་བས་སོ། རྗེས་ནས་མོ་སྒོམ་ཆེན་ཏ་ཅོ་ཡི་མདུན་དུ་རབ་བྱུང་བསྒྲུབ་པར་ཞུ་བའི་ཚེ། ཁོང་གིས་མོ་ལ་གནའ་ནས་ད་བར་སྐྱེ་གཟུགས་མཛེས་པ་ནི་བུད་མེད་རབ་ཏུ་བྱུང་བའི་གེགས་ཡིན་པས་ངས་ཁྱེད་ཀྱི་སྒྲུབ་པ་མཐའ་རུ་ཕྱིན་དཀའ་སྙམ་ནས་སྐྲག །དེ་ཚེ་སངས་རྒྱས་ཀྱི་བསྟན་པ་ལ་རྨ་ཡང་འབྱིན་ངེས། དེ་ཕྱིར་ཁྱེད་བྱོན་སོང་གསུངས་ནས་སློབ་མར་མ་བླངས། མོ་རབ་ཏུ་བྱུང་འདོད་ཧ་ཅང་ཆེ་བས་རྡོ་སོལ་གྱི་མེས་ཞལ་ངོ་ཀུན་བསྲེགས་ནས་ངོ་གདོང་བརླགས་པར་བྱས། དེ་ནས་སླར་ཡང་ཏ་ཅོ་ཡི་མདུན་དུ་སོང་སྐབས། སྒོམ་ཆེན་པ་ཡང་མོ་ཡི་སྤྱོད་པ་ལ་ཡ་མཚན་ནས་སློབ་མར་བླངས་ནས་རབ་བྱུང་བསྒྲུབས། རྗེས་ནས་མོ་ཟ་ཁང་ནང་དུ་ཆུ་ལེན་པ་དང་ཤིང་ཁུར་བ་ཚོད་མ་རྨོ་བ་སོགས་ཕྱག་ལས་འབའ་ཞིག་གི་ངང་དུ་ལོ་སུམ་ཅུ་ལྷག་འདས། སྤྱི་ལོ་༡༢༨༢ལོའི་ཟླ་བ་ཉ་གང་བའི་ནུབ་མོ་ཞིག་ལ་ཆུ་ཁུར་ནས་ལམ་དུ་ངལ་གསོ་སྐབས་ནམ་མཁའི་ཟླ་བ་དེ་ཆུ་སྣོད་ནང་དུ་ཀར་འོར་རེ་ཤར་བ་མཐོང་ནས་དགའ་བས་ཟླ་གཟུགས་ལ་རོལ་སྐབས། གློ་བུར་དུ་ཤིང་ཟོའི་ཟོ་དཀྲིས་ཆད་ནས་ཟོ་ཤིང་རྣམས་ཕྱོགས་སུ་འཐོར་སོང་། ཆུ་ཡང་མེད་ལ་ཆུ་ཟླ་ཡང་མི་མཐོང་བར་གྱུར་སྐབས་མོས་ཆོས་ཉིད་མངོན་སུམ་དུ་མཐོང་སོང་། སྐབས་དེར་ཐོལ་གླུ་འདི་ལྟར་གསུངས། ཆུ་མེད་ལ་ཟླ་གཟུགས་ཀྱང་མེད། ཐབས་ཚུལ་འདི་དང་དེ་ཡིས་ཆུ་ཟོ་ནུས་དགུ་ཡིས་བསྲུངས་ལ། ཉམ་ཆུང་སྨྱུག་ཕྲན་གྱི་ཟོ་དཀྲིས། གཏན་དུ་མི་ཆད་པར་རེ་ཡང་། གློ་བུར་ཟོ་རྐུབ་དེ་ལྷུང་སོང་། ཆུ་ཡང་མེད་ལ་ཟླ་ཡང་མེད། ཕྲན་གྱི་ལག་ནས་ལྷུང་སོང་ཞེས་གསུངས། དེ་རྗེས་སུ་མོ་ཧྥོང་གང་སྒོམ་ཆེན་གྱི་ཆེས་གྲགས་པའི་དངོས་སློབ་ཏུ་གྱུར། སྐུ་ཚེའི་སྨད་ཕྱོགས་སུ་སྒོམ་ཁྲིད་ཀྱི་ལས་ལ་ཆེར་ཐང་འབད། ཅན་ཏོས་རི་ལྔའི་དགོན་དང་པོ་ནུས་ཨེ་དགོན་པ་གསར་བསྐྲུན་མཛད། དེའི་སྐབས་ཆེས་མིང་གྲགས་ཅན་གྱི་བུད་མེད་དགོན་པར་གྱུར། མཁན་མོ་ཟླ་བ་སྒྲོལ་མས་རྒྱ་ནག་གི་ཡི་གེ་ལས་བོད་ཡིག་ཏུ་བསྒྱུར།