བོད་བརྒྱུད་ནང་བསྟན་གསུང་རབ་སྒྲ་བསྒྱུར་ཁང་།
ISSN 2753-4812
ISSN 2753-4812

དག་སྣང་ཆོས་སྐོར་ལས་ཌཱཀི་དགྱེས་པའི་དོ་ཧ།

English | བོད་ཡིག

༄༅། །དག་སྣང་ཆོས་སྐོར་ལས་ཌཱཀི་དགྱེས་པའི་དོ་ཧ་བཞུགས་སོ། །

 

རང་སྣང་རྣམ་དག་དྷུ་མ་ཐ་ལ་ཡི་ཞིང་འདིར། །

རིག་འཛིན་ཌཱཀི་བྱེ་བའི་ཚོགས་གྲལ་དུ་འཁོད་། །

གསང་ཆེན་གདམས་པའི་བཅུད་ལ་ངོམས་མེད་དུ་སྤྱོད་ཅིང༌། །

རིགས་བརྒྱའི་ཁྱབ་བདག་མཚུངས་མེད་དྲིན་ལྡན་གྱི་བླ་མ། །

སྤྱི་གཙུག་རྒྱན་དུ་ཐོབ་པའི་སྐལ་བཟང་ལ་བསམས་ཚེ། །

ན་ཆུང་བདག་ཀྱང་གུས་སྤྲོའི་གཞན་དབང་དུ་གྱུར་ནས། །

རྐང་པའི་བྲོ་དང་ལག་པའི་གར་སྟབས་དེ་ངོམ་བཞིན། །

ཉམས་དགའི་སྐྱིད་གླུ་མི་འགུགས་རང་དབང་མ་བྱུང་། །

 

སྣོད་བཅུད་རྒྱུད་རྣམས་དག་པ་རྩ་གསུམ་གྱི་ལྷ་ལ། །

གང་སྣང་ཀུན་བཟང་རོལ་པའི་ཚོགས་མཆོད་རང་ཕུལ་ཏེ། །

ཚིམ་པ་དྲུག་ལྡན་དགའ་བདེའི་ཉེ་ལམ་ལ་བརྟེན་ནས། །

བསྐལ་མང་ཚོགས་ཟུང་རྒྱ་མཚོ་དུས་གཅིག་ཏུ་འདུམས་སོང༌། །

 

ཨ་འཐས་ཞེན་པའི་སྲུང་སྡོམ་གྱི་ན་རུ་བོར་ཏེ། །

རོ་སྙོམས་བརྟུལ་ཞུགས་སྤྱོད་པའི་རྩལ་ཤུགས་ལ་བརྟེན་ནས། །

རིག་འཛིན་རྣམ་བཞིའི་མཁའ་ལ་ཁྱུང་ལྡིང་བཞིན་བགྲོད་སྐབས། །

གཅོང་རོང་འཁོར་བར་བག་ཟོན་ཡིད་ཡུལ་ནས་བོར་ཐལ། །

 

འཛུམ་པའི་ཟུར་མིག་གཅིག་གིས་དཔའ་ཆེན་ནི་འབུམ་གྱི། །

གཡོ་བའི་ཀུན་རྟོག་གཡོ་མེད་དམ་པོ་རུ་བསྡམས་ཀྱང༌། །

དཀར་མངར་བཅུད་ཀྱིས་ཁེང་པའི་ཡིད་འཛིན་གྱི་བུམ་པ། །

ཡལ་འདབ་ལྔ་བའི་རྒྱན་དུ་མ་ཚོར་བར་བརྐུས་སོང༌། །

 

འཁྲི་ཤིང་ཡལ་ག་སྤུངས་པའི་སྐྱེད་ཚལ་གྱི་དབུས་ན། །

རེག་འཇམ་པད་མ་གཞོན་ནུའི་མལ་སྟན་ཞིག་ཡོད་སྐད། །

དེ་རུ་ཡུད་ཙམ་འདུག་པའི་སྙིང་སྟོབས་ཤིག་ཐོབ་ན། །

གཟུང་འཛིན་སྲིད་པའི་ཚ་དབལ་རྨི་ལམ་བཞིན་ཡལ་འགྲོ །

 

རིག་སྟོང་ཟང་ཐལ་སྐྱེ་མེད་ཆོས་སྐུ་ཡི་ལྟ་བ། །

འཛིན་མེད་རང་གསལ་ལོངས་སྤྱོད་རྫོགས་སྐུ་ཡི་སྒོམ་པ། །

འཁྲུལ་མེད་སྤང་བླང་བྲལ་བ་སྤྲུལ་སྐུ་ཡི་སྤྱོད་པ། །

དབྱེར་མེད་ཉམས་སུ་ལེན་རྣམས་སྐྱིད་པོ་ཡི་ཡང་རྩེ། །

 

དེ་རིང་འདི་ན་ཚོགས་པ་རྡོ་རྗེ་ཡི་མཆེད་ལྕམ། །

མི་འབྲལ་མར་མེའི་འོད་དང་སྡོང་བུ་བཞིན་འགྲོགས་ཏེ། །

བསྐྱེད་རྫོགས་རྫོགས་ཆེན་བསྒོམས་པའི་ཉེ་རྒྱུ་ལ་བརྟེན་ནས། །

ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བ་ལ་སྨོན་ནོ། །

 

ཞེས་སྔ་སོར་རང་ལོ་ཉེར་བདུན་གྱི་དུས་སུ་སློབ་ཚོགས་དྲུག་ཅུ་ལྷག་ཙམ་ལ་མཛོད་ཆེན་བདུན་གྱི་བཤད་ཁྲིད་བྱེད་སྐབས་ནུབ་གཅིག་རྨི་ལམ་དུ་དཔལ་པདྨ་འོད་ཀྱི་ཕོ་བྲང་དུ་ཐོན་ཅིང་། རྟེན་བརྟེན་པ་དང་བཅས་པ་རྒྱ་ཆེར་མཇལ་ཏེ་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་སྨོན་ལམ་དང་གདམས་པ་མང་པོ་གནང་མཐར། ནུབ་ཕྱོགས་ཀྱི་ཕོ་བྲང་ཉམས་དགའ་བ་ཞིག་ན་ཨུ་རྒྱན་རཀྴ་ཐོད་ཕྲེང་ཞེས་བྱ་བ་འཁོར་མང་པོ་དང་མཉམ་དུ་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་སྐབས། ན་ཆུང་མ་ཞིག་གིས་ཚོགས་གླུ་འདི་བླངས་མཐར་མནལ་སད་སོང་། ཕྱི་ནངས་ངག་རྟ་དང་ཚིག་དོན་འོལ་སྤྱི་ཙམ་ཡིད་ངོར་ཡོད་པ་ལས་ངག་རྟ་ཉིད་དེར་འདུས་པ་རྣམས་ལ་བསླབས་ཤིང་ཚིག་དོན་ཡི་གེར་བཀོད་དེ་ལོ་སོ་གཅིག་ལ་གསང་རྒྱ་བྱས་མཐར་རྐྱེན་ཞིག་གིས་བསྐུལ་ནས་ངག་དབང་བློ་གྲོས་མཚུངས་མེད་པས་སླར་ཡང་ཡི་གེར་བཀོད་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།།།

 

མཁན་ཆེན་འཇིགས་མེད་ཕུན་ཚོགས།

Copper-Coloured Mountain of Glory

གནས་ཚུལ་འཕར་མ།

ཕབ་ལེན།

EPUB  PDF 
This website uses cookies to collect anonymous usage statistics and enhance the user experience.
Decline
Accept