Prayer to the Chain of Rebirths—Tibetan

Practices › Prayers | བོད་ཀྱི་བླ་མ།མཁན་ཆེན་འཇིགས་མེད་ཕུན་ཚོགས།

English | བོད་ཡིག

མཁན་ཆེན་འཇིགས་མེད་ཕུན་ཚོགས།

མཁན་ཆེན་འཇིགས་མེད་ཕུན་ཚོགས།

༄༅། །སྐྱེ་ཕྲེང་གསོལ་འདེབས་ནི།

 

སྔོན་ཚེ་འཕགས་ཡུལ་དགྲ་བཅོམ་ས་གི་ལྷ། །

པདྨའི་སྤྱན་སྔར་རྡོ་རྗེ་བདུད་འཇོམས་རྗེ། །

ས་སྐྱ་གོང་དུ་ཀུན་དགའ་རྒྱལ་མཚན་དཔལ། །

དགེ་ལྡན་གླིང་དུ་དགེ་ལེགས་དཔལ་བཟང་ཞབས། །

མི་ཉག་ཡུལ་དུ་ཀུན་བཟང་ཆོས་གྲགས་སོགས། །

མཁས་དང་གྲུབ་བརྙེས་དུ་མའི་ཚུལ་བཟུང་ནས། །

ཐུབ་བསྟན་རྒྱས་པར་མཛད་ལ་གསོལ་བ་འདེབས། །

 

ད་ལྟ་བཤེས་གཉེན་མང་པོས་རྗེས་སུ་བཟུང་། །

ཐོས་བསམ་སྒོམ་པའི་སྦྱང་བ་གནད་དུ་བསྣུན། །

མི་ཕམ་རྒྱ་མཚོའི་བྱིན་རླབས་སྙིང་ལ་ཞུགས། །

བགྲང་ཡས་འགྲོ་དོན་མཛད་ལ་གསོལ་བ་འདེབས། །

 

མ་འོངས་རིགས་ལྡན་དྲག་པོའི་དམག་དཔོན་མཆོག །

ལས་ཀྱི་རྡོ་རྗེ་ལ་སོགས་སྤྲུལ་པ་ཡིས། །

ནམ་མཁའ་སྲིད་དུ་འགྲོ་བའི་དོན་མཛད་པའི། །

སྐྱབས་གཅིག་བླ་མ་རྗེ་ལ་གསོལ་བ་འདེབས། །

 

རང་དོན་ཐོས་བསམ་སྒོམ་པ་མཐའ་རུ་འཁྱོལ། །

གཞན་དོན་འཆད་རྩོད་རྩོམ་པའི་ཕྲིན་ལས་རྒྱས། །

གཉིས་དོན་བཤད་སྒྲུབ་ལས་ཀྱི་སྲོལ་བཏོད་ནས། །

འདྲེན་མཆོག་ཁྱེད་དང་དབྱེར་མེད་སངས་རྒྱས་ཤོག །

 

ཅེས་རང་ལ་དམ་པའི་སྐྱེ་ཕྲེང་འདི་འདྲ་ཞིག་མེད་ངེས་ལགས་མོད། སྤྲུལ་པའི་གཏེར་སྟོན་ཞིག་གིས་བདག་ལ་ངོ་བསྟོད་ཀྱི་ཚུལ་དུ་འདི་བཞིན་གསུངས་ཡོད་པ་ཁྱད་དུ་མ་བསད་ནས་བུ་སློབ་དམ་པ་ལྔ་ཕྲག་གིས་ནན་ཟབ་ཏུ་བསྐུལ་ངོར་བབ་ཅོལ་དུ་བྲིས་སོ།།

 

This website uses cookies to collect anonymous usage statistics and enhance the user experience.
Decline
Accept